༄༅། །བོད་མི་ཁོར་ཡུག་ལས་འགུལ་བ་དང་གཏོང་འཕོད་ཅན་གྱི་ཚོང་པ་ཀརྨ་བསམ་གྲུབ་ལགས་རྒྱ་ནག་གཞུང་གིས་ལོ་ངོ་ ༡༥ རིང་བཙོན་འཇུག་བཀག་ཉར་རྗེས་འདི་ལོའི་ཟླ་བ་ ༡༡ ཚེས་ ༡༨ ཉིན་བཙོན་གྲོལ་བཏང་བའི་གནས་ཚུལ་ཐོན་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། རྒྱ་ནག་གཞུང་གིས་ཀརྨ་བསམ་གྲུབ་ལགས་ཀྱི་ལོ་ངོ་ ༡༥ ཡི་བཙོན་འཇུག་དུས་ཡུན་མ་གཙང་སྔོན་ཟླ་བ་བདུན་ཙམ་གྱི་སྔོན་དུ་གློད་བཀྲོལ་བཏང་ཡོད་ནའང་། ཁོང་ལ་བཙོན་ཁང་དུ་མནར་གཅོད་བཏང་རྐྱེན་ལུས་ཁམས་ཞན་པོར་གྱུར་ཡོད་པ་མ་ཟད། སྒལ་ཚིགས་དང་སྐེད་པ་ནད་གཅོང་དུ་གྱུར་ཡོད་པ་ཤེས་རྟོགས་བྱུང་ཡོད།
ཀརྨ་བསམ་གྲུབ་ལགས་རྒྱ་ནག་གི་ཉེན་རྟོག་པས་ཕྱི་ལོ་ ༢༠༡༠ ཟླ་བ་ ༠༡ ཚེས་ ༠༣ ཉིན་འཛིན་བཟུང་བྱས་རྗེས་ཟླ་ཤས་རིང་ཤར་ཏུར་ཀིསྟན་པཱ་ཀྲིག་ཟེར་བར་བཀག་ཉར་བྱས་ཏེ། སྡུག་སྦྱོང་མནར་གཅོད་དང་འདྲི་རྩད་བཙན་སྐུལ་བསམ་ཡུལ་ལས་འདས་པ་བྱས་ཤིང་། ཕྱི་ལོ་ ༢༠༡༠ ཟླ་བ་ ༠༦ ཚེས་ ༢༤ ཉིན་ཤར་ཏུར་ཀིསྟན་ཡན་ཆི་རྫོང་ཁྲིམས་ཁང་གིས་ཁོང་ལ་དུར་ས་བསྔོགས་ཏེ་རིག་གཞུང་གི་ཤུལ་དངོས་བརྐུས་ཁྱེར་བྱས་ཡོད་པའི་ནག་ཉེས་བཙུགས་ནས་ལོ་ངོ་ ༡༥ རིང་ཁྲིམས་ཐག་བཅད་ཡོད། སྤྱིར་ནག་ཉེས་དེ་ཁོང་ལ་ཕྱི་ལོ་ ༡༩༩༨ ཙམ་ལ་བཙུགས་ཡོད་ཀྱང་ཕྱིས་སུ་དཀར་འདོན་བྱས་ཟིན་ནའང་། ད་ཐེངས་ཁོང་འཛིན་བཟུང་བྱ་ཕྱིར་དམིགས་སུ་བཀར་ནས་ནག་ཉེས་བསྐྱར་དུ་བཀལ་བ་ཞིག་ཆགས་འདུག་ལ། ཀརྨ་བསམ་གྲུབ་ལགས་ལ་ཁྲིམས་ཐག་བཅད་དོན་གཙོ་བོ་ནི། ཁོང་གིས་རྒྱ་ནག་གི་བཙོན་ཁང་ནང་ཡོད་པའི་རང་གི་བུ་སྤུན་གཉིས་སྐྱོབ་ཆེད་རྒྱ་ནག་གཞུང་ལ་ཞུ་གཏུགས་བྱས་པའི་དབང་གིས་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཀརྨ་བསམ་གྲུབ་ལགས་ཀྱི་སྤུན་རིན་ཆེན་བསམ་གྲུབ་དང་འཆི་མེད་རྣམ་རྒྱལ་གཉིས་ཕྱི་ལོ་ ༢༠༠༩ ཟླ་བ་ ༠༨ པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པའི་ལས་ཀ་བྱས་པའི་ཉེས་མིང་འོག་རིན་ཆེན་བསམ་གྲུབ་ལགས་ལ་ལོ་ ༥ བཙོན་འཇུག་ཁྲིམས་ཐག་བཅད་དེ་ཕྱི་ལོ་ ༢༠༡༤ ཟླ་བ་ ༠༨ ཚེས་ ༠༨ ཉིན་ལྷ་སའི་བཙོན་ཁང་ཞིག་ནས་ཀློད་ཡོད་པ་དང་། འཆི་མེད་རྣམ་རྒྱལ་ལགས་ལོ་གཅིག་དང་ལོ་ཕྱེད་ཙམ་རིང་ངལ་རྩོལ་བསྒྱུར་བཀོད་ཁང་དུ་བཅུག་ཡོད་པ་རེད།
ཀརྨ་བསམ་གྲུབ་ལགས་ཀྱི་གནད་དོན་དེས་རྒྱ་ནག་གི་རྩོད་གཞི་ཅན་གྱི་ཁྲིམས་ལུགས་གྱོད་ཞིབ་གསལ་སྟོན་བྱེད་ཀྱི་ཡོད་ཅིང་། དེ་ཡང་ཁོང་གིས་ཕྱི་ལོ་ ༢༠༡༠ ཟླ་བ་ ༠༦ པའི་གྱོད་ཞིབ་སྐབས་སྤྱི་བདེ་ཉེན་རྟོག་པས་ཁོང་འཛིན་བཟུང་བཙོན་འཇུག་སྐབས་ཉེས་རྡུང་མནར་གཅོད་ཚད་མེད་བཏང་ཡོད་སྐོར་ཞུ་གཏུག་གནང་ཡོད།
ད་ལྟ་རང་ལོ་ ༥༦ ཙམ་ཡིན་པའི་ཀརྨ་བསམ་གྲུབ་ལགས་ནི། བོད་གོ་འཇོ་རྫོང་རྩི་རོང་ཡུལ་ཚོའི་གདོང་པ་སྡེ་བ་ནས་ཡིན་པ་དང་། ཁོང་དང་ཁོང་གི་སྤུན་མཆེད་གསུམ་གྱིས་དེ་སྔ་ཨ་ཆུང་སེང་གེ་གནམ་རྫོང་གི་དང་བླངས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞེས་པ་གསར་འཛུགས་གནང་ཡོད་པ་བཅས།།