༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༢༤ ཟླ་བ་ ༩ པའི་ཚེས་འགོ་ཙམ་ནས་རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསམ་གཏན་ལགས་དང་། གྲྭ་བློ་བཟང་འཕྲིན་ལས་སམ་( འཕྲིན་པོ། ) ལགས། མི་སྐྱ་ཚེ་རིང་བཀྲ་ཤིས་ལགས་། བན་སྐྱིད་ལགས་སོགས་གསང་བའི་ངང་འཛིན་བཟུང་བྱས་ནས་ད་བར་གར་ཡོད་ཙམ་ཡང་ཤེས་རྟོགས་མ་ཐུབ་པར་ལུས་ཡོད་འདུག
རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་བསམ་གཏན་ལགས་ནི། ཕ་ཡུལ་མགོ་ལོག་གཅིག་སྒྲིལ་རྫོང་ཁང་སར་ནས་ཡིན་ཞིང་། རང་ལོ་ ༥༣ ཙམ་དང་། ཕ་མིང་ལ་བསྟན་རིས། མ་མིང་ལ་ལྷ་མོ་ཡིན་པ་དང་། ཆུང་དུས་ནས་རྔ་བ་ཀིརྟི་དགོན་གྱི་ཆོས་སྒོར་ཞུགས་ནས་ད་སྐབས་བཀའ་རམས་འཛིན་གྲྭ་དང་། ཁོང་རྔ་བ་ཀིརྟི་དགོན་ཀྱི་ཞབས་བརྟན་གྲྭ་ཚང་གི་དབུ་མཛད་ཆུང་བའང་ཡིན། ཁོ་ནི་དུས་རྒྱུན་ཆབ་སྲིད་སོགས་བྱ་བ་གཞན་ལ་མི་འཇུག་པར་ཁ་འདོན་སྒྲིབ་སྦྱོང་དང་དགོན་པའི་ཚོགས་ཆོས་རྭ་གང་ལ་ཡང་ཆག་མེད་གནང་མཁན་གྱི་གྲྭ་པ་ཉམ་ཆུང་ཞིག་དང་། ཕ་མ་གཅིག་པའི་མིང་སྲིང་བཞི་ཡོད་པའི་གཉིས་པ་དེ་ཡིན་འདུག
རྔ་བ་ཀིརྟི་དགོན་གྱི་གྲྭ་བློ་བཟང་འཕྲིན་ལས་སམ་ (འཕྲིན་པོ།) ལགས་ནི། རང་ལོ་ ༤༠ ཙམ་ཡིན་པ་དང་། ཕ་ཡུལ་རྔ་བ་རྫོང་རོང་མཁར་སར་ཡུལ་ཚོ། ཕ་མིང་ལ་འཇམ་དཔལ། མ་མིང་ལ་འཆི་མེད་ལྷ་མོ་ཡིན་པ་དང་། ཆུང་ཆུང་སྐབས་ནས་ཀིརྟི་དགོན་དུ་གྲྭ་པ་བྱས་ནས་ད་སྐབས་འདུལ་བ་ལོ་རིམ་གསུམ་པའི་འཛིན་གྲྭ་དང་། དགོན་པའི་གཏོར་སྒྲུབ་གལ་ཆེན་ཁག་གོ་སྒྲིག་མཁན་གྱི་ལས་བྱེད་ཡིན་པ་དང་། ཕ་མ་གཅིག་པའི་མིང་སྲིང་གསུམ་ཡོད་པའི་གཉིས་པ་དེ་ཡིན་འདུག
རོང་མཁར་སར་ཧ་རི་ཚང་གི་བུ་མོ་བན་སྐྱིད་ལགས་ནི། རང་ལོ་ ༤༣ ཡིན་པ་དང་། ཕ་ཡུལ་རྔ་བ་རྫོང་རོང་མཁར་སར་ནས་ཡིན་ཞིང་དེང་སྐབས་རྔ་བ་རྫོང་མཁར་དུ་གཏན་སྡོད་བྱས་ཏེ་ཡོད། ཕ་མིང་ལ་སྐལ་ཁོ་དང་། མ་མིང་འཇིགས་བྱེད་འཚོ་ཟེར། མིང་སྲིང་བརྒྱད་ཡོད་པའི་ནང་གི་གཉིས་པ་ཡིན། ཁོང་མོའི་ཁྱོ་གའི་མིང་ལ་བསོད་ནམས་ཚེ་རིང་དང་། མོ་ལ་བུ་བུ་མོ་བཞི་ཡོད་འདུག
རོང་མཁར་སར་ཧ་རི་ཚང་གི་བུ་ཚེ་རིང་བཀྲ་ཤིས་ལགས་ནི་། རང་ལོ་ ༤༡ ཙམ་ཡིན་པ་དང་། ཕ་ཡུལ་རྔ་བ་རྫོང་རོང་མཁར་སར་ཡུལ་ཚོ། ཕ་མིང་ལ་སྐལ་ཁོ་དང་། མ་མིང་འཇིགས་བྱེད་འཚོ་ཟེར། མིང་སྲིང་བརྒྱད་ཡོད་པའི་གསུམ་པ་ཡིན་འདུག རྒྱ་གར་ཕྱོགས་ལ་འབྲེལ་བ་ཡོད་པར་བསྙད་བཏགས་ནས་ཧ་རི་ཚང་གི་ནང་མི་ཉེ་འབྲེལ་མང་པོ་ཞིག་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བྱུང་འདུག་ཀྱང་ཞིབ་ཕྲ་ཤེས་རྟོགས་མ་ཐུབ། (ཚེ་རིང་བཀྲ་ཤིས་ལགས་དང་བན་སྐྱིད་ལགས་གཉིས་ཕ་མ་གཅིག་པའི་མིང་སྲིང་ཡིན་འདུག)
དེང་སང་རྔ་བའི་ཕྱོགས་ཡོངས་དང་། ལྷག་པར་ཀིརྟི་དགོན་གྲོང་གཉིས་ལ་དམ་དྲག་བཙན་གནོན་ཤུགས་ཆེན་བྱེད་བཞིན་པར་མ་ཟད། མི་མང་པོ་གསང་བའི་ངང་འཛིན་བཟུང་གིས་གར་ཁྲིད་ཙམ་ཡང་ཤེས་མི་ཐུབ་པའི་གནས་ཚུལ་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད་འདུག བཙོན་ཁང་ནས་གློད་གྲོལ་ཐོབ་ནའང་འཛིན་བཟུང་བྱས་པ། ཉེས་པ་ཅི་ཞིག་བཙུགས་པ། ས་གནས་གང་དུ་ཁྲིད་པ། བཙོན་ཁང་གང་དུ་བཀག་ཉར་བྱས་མིན་སོགས་ཀྱི་གནས་ཚུལ་སུ་ལའང་བཤད་མི་ཆོག་པའི་བཙན་བཀའ་ནན་མོ་གཏོང་བཞིན་ཡོད་འདུག་པས་ས་གནས་སུ་ཡོད་པའི་མི་དག་གིས་ཀྱང་གནས་ཚུལ་ཤེས་དཀའ་རུ་སོང་ཡོད་འདུག
གཞན་ཡང་ཡང་རྔ་བའི་ཕྱོགས་ཀྱི་དགོན་པ་རྣམས་སུ་ཡོད་པའི་རང་ལོ་བཅོ་བརྒྱད་མ་ལོན་པའི་གྲྭ་པ་ལོ་ཆུང་ཡོངས་རྫོགས་བཙན་ཤེད་དང་སྡིག་སྐུལ་སྣ་ཚོགས་ཀྱིས་བཅའ་སྡོད་སློབ་གྲྭར་མི་འགྲོ་ཐབས་མེད་བྱུང་ཡོད་འདུག
དེའི་ནང་ནས་རྔ་བ་ཀིརྟི་དགོན་པའི་སྔོན་འགྲོའི་སློབ་གཉེར་ཁང་ལ་མཚོན་ན་དགེ་སློབ་གཅིག་སྟོང་བཞི་བརྒྱ་ལྷག་ཡོད་པ་ལས་རང་ལོ་བཅོ་བརྒྱད་ལོན་པའི་སློབ་མ་བརྒྱ་སྐོར་ཙམ་ལས་གཞན་ཆ་ཚང་དགོན་པ་ནས་སྡོད་མ་བཅུག་པར་སློབ་གྲྭ་ཡོངས་སུ་སྒོ་བརྒྱབ་ཡོད་འདུག་ལ། རྔ་བ་ཁུལ་དང་རྫོང་ཡོངས་ཀྱི་བཅའ་སྡོད་སློབ་གྲྭ་རྣམས་སུ་སྐད་ཡིག་འཛིན་གྲྭ་ཁོ་ན་ཙམ་ལས་གཞན་ཚང་མ་རྒྱ་ཡིག་རྐྱང་བའི་ལམ་ནས་སློབ་ཁྲིད་དགོས་པའི་བཙན་བཀའ་ལག་ལེན་ལ་བསྟར་བཞིན་པའི་སྐབས་ཡིན་འདུག དེས་ན་དེང་སྐབས་བོད་ཀྱི་བྱིས་པ་ཚོ་ལ་རང་གི་རིག་གཞུང་སློབ་སའི་ཁོར་ཡུག་ནི་ཉིན་མོའི་སྐར་མ་ཙམ་དུ་གྱུར་ནས་ཧ་ཅང་ཉེན་ཁའི་གནས་སུ་གྱུར་ཡོད།
མདོར་ན་བོད་ཀྱི་ངོ་བོ་མཚོན་པའི་སྐད་ཡིག་གཙོ་བོར་གྱུར་པའི་ཆོས་དང་རིག་གཞུང་ཆ་ཚང་རྩ་མེད་དང་བོད་ཕྲུག་ན་གཞོན་དག་རྒྱ་བསྒྱུར་གྱི་སྲིད་བྱུས་གཏིང་གནག་པོ་ཞིག་ཞི་དྲག་གཉིས་ཀས་ཐབས་ལམ་བརྒྱུད་སྒོ་སྣ་ཚོགས་ནས་ལག་བསྟར་བྱེད་ཀྱིན་ཡོད་འདུག་པའི་གནས་ཚུལ་བཅས། །