༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༥ ཉིན་དྷ་ས་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་དགུང་གྲངས་ ༨༥ ལ་ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས། སཾ་བྷོ་ཊ་བོད་སློབ་ཚོགས་པའི་འགན་འཛིན་ཚེ་རིང་དོན་གྲུབ་ལགས། བོད་མི་མང་སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས་ལགས། དེ་བཞིན་དགེ་ལས་སློབ་ཕྲུག་དང་ཕ་མ་སོགས་ཚང་འཛོམས་ཐོག་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་དང་དམིགས་བསལ་སྐུ་མགྲོན་སོགས་ནས་༸རྒྱལ་བའི་སྐུ་པར་དང་། ༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གི་སྐུ་པར་ལ་མཇལ་དར་དང་སྣང་གསལ་མར་མེ་ཞལ་ཕྱེ་གནང་རྗེས་སློབ་ཕྲུག་རྣམས་ནས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེར་བསྟོད་དབྱངས་ཕུལ་རྗེས་སློབ་སྤྱི་ལེགས་བཤད་ཉི་མ་ལགས་ཀྱིས་ཕེབས་བསུའི་གསུང་བཤད་གནང་།དེ་རྗེས་སྐུ་མགྲོན་གཙོ་བོ་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་དགེ་སློབ་འབྲི་རྩོམ་གྱི་ལེགས་གསོལ་ཕྱག་འཁྱེར་དང་། དམིགས་བསལ་སྐུ་མགྲོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་སྨྱུག་གསར་འབྲི་རྩོམ་དང་ཡིག་གཟུགས་འདེམས་ཐོན་རྣམས་ལ་ལེགས་གསོལ་ཕྱག་འཁྱེར་གནང་གྲུབ་མཚམས་དམིགས་བསལ་སྐུ་མགྲོན་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་ཀྱིས་གསུང་བཤད་གནང་།
དེ་ནས་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་འཚམས་འདྲི་དང་སྦྲགས་གསུང་བཤད་གནང་དོན། འཛམ་གླིང་ཡུལ་གྲུ་གང་སར་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་གི་ཡོད། དྷ་སར་ཆ་བཞག་ན་ང་ཚོའི་བཀའ་བློན་ཁྲི་ཟུར་༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་བཞིན་པའི་སྐབས་འདིར་བོད་ཀྱི་ཟློས་གར་ཚོགས་ཁང་དུའང་སྲུང་བརྩི་ཞུ་བཞིན་པ་རེད། དེ་བཞིན་གཞིས་ཆགས་ཁག་ཏུའང་སྲུང་བརྩི་ཞུ་བཞིན་ཡོད།
༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གི་ཤེས་ཡོན་ཐོག་མཛད་འཁུར་ཐོག་མ་དེ་ཕྱི་ལོ་ ༡༩༦༠ ལོར་ཌལ་ཧོར་ནས་དབུ་འཛུགས་གནང་ཡོད། ཕྱི་ལོ་ ༡༩༦༡ ནས་ ༡༩༦༣ བར་ལོ་གསུམ་རིང་སིམ་ལ་གཏན་སློབ་དང་ཕྱི་ལོ་ ༡༩༦༤ ལོར་རྡོར་གླིང་གཏན་སློབ་ཀྱི་ཆོས་དགེ་གནང་། ཕྱི་ལོ་ ༡༩༦༥ ནས་ ༡༩༧༠ བར་ཌལ་ཧོར་གཏན་སློབ་ཀྱི་སློབ་སྤྱིའི་ཐུགས་འགན་བཞེས་གནང་ཡོད། སྐབས་དེར་སློབ་ཕྲུག་གི་གྲོས་ཚོགས་སམ་ཧིན་སྐད་དུ་ (Bal Sabha) ཞེས་པ་སྲོལ་གཏོད་པ་རེད། ད་ལྟ་གྲོས་ཚོགས་ཚོགས་བཞིན་པ་འདི་ཕྱི་ལོ་ ༡༩༦༥ ཙམ་ནས་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སློབ་གྲྭའི་ནང་གསར་གཏོད་གནང་ཡོད། སྐབས་དེར་མཐོང་རྒྱ་ཆུང་བའི་དབང་གིས་མི་མང་པོའི་བསམ་བློ་ནང་ཤོང་གི་མེད། དེ་བཞིན་ཕྱི་ལོ་ ༡༩༧༡ ནས་ ༢༠༠༠ བར་མི་ལོ་ ༣༠ ལྷག་ཙམ་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་སྤྱི་དང་ངེས་སྟོན་པའི་མཛད་འགན་བཞེས་ཡོད།
གཞན་ཡང་ཕྱི་ལོ་ ༡༩༩༠ ནང་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་