༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༨ ཉིན་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དབུ་བརྙེས་ཏེ་མི་ལོ་ ༢༩ འཁོར་བའི་དུས་སྟོན་སྲུང་བརྩི་མཛད་སྒོའི་སྐུ་མགྲོན་གཙོ་བོར་མགྲོན་འབོད་གནང་བ་བཞིན་ཆེད་ཕེབས་ཀྱིས་གསུང་བཤད་གནང་ཡོད།དེ་ཡང་གོང་ཚེས་གྱི་སྔ་དྲོ་ཆུ་ཚོད་ ༡༠།༡༥ ཐོག་ནོར་གླིང་བདེ་ལྡན་གཙུག་ལག་ཁང་གི་ནང་ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་དང་། ནོར་གླིང་སྤྱི་ཁྱབ་འགན་འཛིན། ནོར་གླིང་མཛད་རྣམ་སྡེ་ཚན་གྱི་འགན་འཛིན་འོས་བསྡུའི་འགན་འཛིན་ཟུར་པ་འཇམ་དཔལ་ཆོས་བཟང་ལགས་གཙོས་དགེ་ལས་སློབ་ཕྲུག་ཚང་འཛོམས་ཐོག་ཆོས་རིག་དྲུང་ཆེ་ནས་༸རྒྱལ་བའི་བཞུགས་ཁྲི་རིན་པོ་ཆེ་ལ་ལྷ་དར་ཕྱག་ཕུལ་དང་སྣང་སེལ་མར་མེ་ཞལ་ཕྱེ་གནང་། ནོར་གླིང་སྤྱི་ཁྱབ་འགན་འཛིན་ནས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལོ་འཁོར་ལས་བསྡོམས་སྙན་སྒྲོན་གནང་གྲུབ་མཚམས། ཆོས་རིག་དྲུང་ཆེ་ནས་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཡོད།གཞན་ཡང་ཆུ་ཚོད་ ༡༡།༡༥ ཐོག་གཙུག་ལག་ཁང་གི་མདུན་ཐང་དུ་དགེ་ལས་སློབ་ཕྲུག་རྣམས་ནས་གཞས་སྣ་གཟིགས་འབུལ་སྐབས་དམིགས་བསལ་སྐུ་མགྲོན་རྒྱ་གར་དབུ་གཞུང་གི་༸རྒྱལ་བའི་འབྲེལ་མཐུད་པ་སྐུ་ཞབས་ཡཤ་བཱིར་སིངྒ་མཆོག་མཛད་སྒོར་ཆེད་ཕེབས་གནང་བ་དང་། ཆུ་ཚོད་ ༡༢།༤༥ ཐོག་སྐུ་མགྲོན་རྣམས་ལ་ཉིན་གུང་གསོལ་ཚིགས་འདེགས་འབུལ་ཞུས་པ་བཅས།།
གསར་གནས།
འབྲེལ་གནས།