༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༡ ཉིན་འབྲས་ལྗོངས་ཀྱི་བྱང་ཕྱོགས་གཏུམ་ལངས་ས་གནས་སུ་གསར་བཞེངས་གནང་བ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་ཟངས་མདོག་དཔལ་རི་དགོན་པའི་རྟེན་དང་བརྟེན་པ་བཅས་པ་ལེགས་གྲུབ་བྱུང་བ་རབ་གནས་དབུ་འབྱེད་གནང་ཡོད།
དབུ་འབྱེད་མཛད་སྒོའི་ཐོག་༸སྐྱབས་རྗེ་སྨིན་གླིང་མཁན་ཆེན་རིན་པོ་ཆེ་མཆོག་དང་། ༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག རྗེ་བཙུན་མཁའ་འགྲོ་རིན་པོ་ཆེ་མཆོག པད་རྣམ་རིན་པོ་ཆེ་མཆོག་བཅས་ཀྱིས་དབུས་པའི་རིན་པོ་ཆེ་རྣམ་པ་དང་། དེ་བཞིན་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པྲེམ་སིངྒ་རྟ་མང་ (Prem Singh Tamang) མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག འབྲས་ལྗོངས་མངའ་སྡེའི་དགོན་གནས་བློན་ཆེན་བསོད་ནམས་བླ་མ་ (Sonam Lama) མཆོག བོད་མི་མང་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས། མངའ་སྡེའི་གྲོས་ཚོགས་འཐུས་མི་ཁག་ཅིག དགོན་སྡེ་ཁག་གི་སྐུ་ཚབ་མཁན་པོ་དང་ས་གནས་མི་མང་བཅས་ཕེབས་ཡོད།
དེ་ཡང་དབུ་འབྱེད་མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། དེ་རིང༌། བོད་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བྱིན་གྱིས་བརླབས་པའི་སྦས་ཡུལ་འབྲས་མོ་ལྗོངས་ཀྱི་གཏུམ་ལངས་ཞེས་པའི་ས་ཡི་ཆ་འདིར། ཟངས་མདོག་དཔལ་རིའི་ཞིང་བཀོད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དང་བཅས་པ་ལེགས་གྲུབ་ཀྱི་མཛད་སྒོ་འདིའི་ཐོག་ཆེད་ཕེབས་གནང་བའི་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་དབུས་པའི་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང་། སྐུ་མགྲོན་གཙོ་བོ་འབྲས་ལྗོངས་མངའ་སྡེ་བློན་ཆེན་པྲེམ་སིངྒ་རྟ་མང་མཆོག་གིས་དབུས་པའི་འབྲས་ལྗོངས་ཀྱི་བློན་ཆེན་རྣམ་པ་དང་ལས་ཀྱི་སྣེ་མོ་བ། ཕྱི་ནང་སྐུ་མགྲོན་རྣམ་པ། འདིར་འདུས་པའི་མང་ཚོགས་དང་། ལྷག་པར་སྨིན་གྲོལ་གླིང་མི་མང་ཡོངས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད།
བརྒྱ་ཕྲག་སྔོན་མའི་དཀྱིལ་དུ། རྒྱ་དམག་གིས་བཙན་འཛུལ་བྱས་ཏེ་བོད་ནང་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་བོད་མི་རིགས་ཆགས་འཇིག་གི་མཚམས་སུ་བསྐྱལ་ཡོད་ནའང༌། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམ་པ་རྒྱ་བལ་འབྲུག་གསུམ་སོགས་ལ་བཙན་བྱོལ་དུ་ཕེབས་ཏེ་རང་དབང་ལུང་པར་བསྟན་འགྲོའི་མཛད་འཕྲིན་རྒྱ་ཆེར་བསྐྱངས་པའི་བྱིན་མཐུ་ལ་བརྟེན་ནས། ནང་པའི་ཚན་རིག་དང༌། ནང་པའི་ལྟ་གྲུབ། ནང་པའི་རིག་གཞུང་གི་ཡོན་ཏན་གྱིས་རབ་ཏུ་ཕྱུག་པའི་བོད་བརྒྱུད་ནང་བསྟན་འདི་ད་ཆ་འཛམ་གླིང་ཁྱོན་དུ་གསོན་ཤུགས་ལྡན་པའི་ཐོག་ནས་དར་ཁྱབ་འགྲོ་བཞིན་པ་མཐོང་ཆོས་སུ་གྱུར་ཡོད།སྦས་ཡུལ་འབྲས་མོ་ལྗོངས་འདི་སྲིད་པ་ཆགས་པ་ནས་བོད་དང་སྐྱིད་སྡུག་མཉམ་དུ་འདྲེས་ནས་ཡོད་པ་དང༌། བོད་ཀྱི་ཆོས་བརྒྱུད་རིས་མེད་ཀྱི་སྐྱེས་ཆེན་མང་པོས་ཡུལ་འདིར་བསྟན་འགྲོའི་དོན་རྒྱ་ཆེར་བསྐྱངས་པའི་རྣམ་ཐར་བརྗོད་མི་ཚར་བ་ཡོད་ལ། སྐབས་འབྲེལ་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དང་ཆོས་འབྲེལ་གྱི་ལོ་རྒྱུས་ཀྱང་ལོ་ངོ་བརྒྱ་ཕྲག་དུ་མའི་གོང་ནས་མཚམས་མ་ཆད་པར་རྒྱུན་སྲིང་བྱུང་ཡོད།
བོད་ནང་གི་སྨིན་གྲོལ་གླིང་ལ་ཆ་མཚོན་ན། ཕྱི་ལོ་ ༡༦༧༦ ལོར་༸རྒྱལ་དབང་སྐུ་ཕྲེང་ལྔ་པ་བློ་བཟང་རྒྱ་མཚོས་གཏེར་བདག་གླིང་པ་པད་མ་གར་དབང་འགྱུར་མེད་རྡོ་རྗེ་ལ་གནས་གཞིའི་ཡུལ་རིས་མངའ་འབངས་དང་བཅས་པའི་མཁོ་རྒུའི་མཐུན་རྐྱེན་སྦྱར་ཏེ་གསར་བཞེངས་མཛད་པ་ཞིག་ཡིན་ཞིང༌། ད་ལྟའི་བར་སྨིན་གྲོལ་གླིང་དང་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་དབར་ཆོས་ཕྱོགས་ནས་ཐུགས་ནང་གཤིན་པའི་འབྲེལ་ལམ་རྒྱུན་ཆགས་སུ་གནས་ཡོད།
ཕྱི་ལོ་ ༡༧༡༧ ལོར་ཇུན་གར་གྱི་སོག་དམག་གིས་གསང་ཆེན་སྔ་འགྱུར་རྙིང་མའི་བསྟན་པ་རྨེག་མེད་དུ་གཏོང་རྒྱུའི་ངན་སྦྱོར་རྩོམ་སྐབས། སྨིན་གླིང་གཏེར་ཆེན་འགྱུར་མེད་རྡོ་རྗེའི་སྲས་མོ་མི་འགྱུར་དཔལ་སྒྲོན་འབྲས་ལྗོངས་སུ་ཉེན་གཡོལ་དུ་ཕེབས་ཏེ་ལོ་ཤས་བཞུགས་ཡུན་རིང་། རྫོགས་ཆེན་ཁྲག་འཐུང་དཔའ་བོ་འཇིགས་མེད་རྡོ་རྗེ་དང་རྒྱལ་བློན་འཁོར་ཚོགས་སྟོང་ཕྲག་དུ་མར་གཏེར་གསར་གྱི་དབང་ལུང་དང༌། ཨ་ཏིའི་ཁྲིད་ལུང་སོགས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། ཡུལ་འདིར་གཏེར་གསར་གྱི་ལུགས་ཐོག་མར་གཞི་ཚུགས་པར་གྲགས་ཆེ།རྒྱ་གར་ནང་ཐོག་མར་ཀ་སྦུག་ཏུ་སྤོམ་མདའ་ཚང་གིས་ས་ཆ་ཕུལ་བའི་སྟེང་སྨིན་གྲོལ་གླིང་གི་ཆོས་སྒར་བཞེངས་སྐབས་དང་། དེ་ནས་ཕྱི་ལོ་ ༡༩༦༥ ལོར་ཀལ་མན་ཏྲོན་དུ་སྨིན་གྲོལ་གླིང་དགོན་པ་དབུ་འཛུགས་གནང་སྐབས། དེ་བཞིན་༸སྐྱབས་རྗེ་བདེ་བར་གཤེགས་པ་སྨིན་གླིང་༸ཁྲི་ཆེན་རིན་པོ་ཆེ་ཀ་སྤུག་ནས་གདན་ཞུ། ཕྱི་ལོ་ ༡༩༩༡ ལོར་སྨིན་གྲོལ་གླིང་གི་བཤད་གྲྭ་སྔ་འགྱུར་མཐོ་སློབ་མདོ་རྒྱུད་ལེགས་གླིང་གསར་འཛུགས། ཕྱི་ལོ་ ༢༠༠༢ ལོར་སྨིན་གླིང་དགོན་པའི་ཉེ་འཁོར་དུ་ལྷ་བབས་མཆོད་རྟེན་ཆེན་མོ་གསར་བཞེངས། ཕྱི་ལོ་ ༢༠༠༥ ལོར་ལྡི་ལིར་སྨིན་གླིང་ཡན་ལག་དགོན་པ་གསར་བཞེངས། དེ་བཞིན་ཐའེ་ཝན་དང༌། ཨ་རི། མ་ལའེ་ཤི་ཡ་སོགས་སུ་དགོན་ལག་དང་ཆོས་ཚོགས་བཞེངས་འཛུགས་གནང་བ་ཐམས་ཅད་དུ་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་མཛད་ཁུར་གཙོ་བོར་བཞེས་ཡོད་པ་དང༌། རྒྱ་གར་ནང་བཀའ་གཏེར་གྱི་སྒྲུབ་མཆོད་བསྐྱར་གསོ་དང༌། དབང་ལུང་མན་ངག་རྒྱུད་འཛིན་གྱི་ཐོག་སྐྱེས་ཆེན་མཛོད་འཛིན་མང་པོ་གདན་ཞུས་སོགས་ལ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་སྐུ་ངལ་ལྷུར་བཞེས་གནང་ཡོད་རེད།
༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་བཙན་བྱོལ་བོད་མི་དང༌། འབྲེལ་ཡོད་ཡུལ་མི་ལ་ཤེས་ཡོན་དང༌། འཕྲོད་བསྟེན་སོགས་སྤྱི་ཚོགས་ཞབས་ཞུའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་པར་སྒོ་གསུམ་གུས་པས་གཟེངས་བསྟོད་ཞུ་རྒྱུ་དང༌། སླད་མར་ཡང་སྐུ་མཛད་རྒྱས་བཞིན་བསྟན་པའི་འཁོར་ལོ་བར་མེད་དུ་སྐོར་བའི་སྨོན་འདེབས་ཞུ་གི་ཡོད།
ད་ལམ་༸སྐྱབས་རྗེ་མཁོ་ཁྱིམ་རིན་པོ་ཆེ་མཆོག་གིས་ཐུབས་འགན་གཙང་བཞེས་གནང་ནས་ཨོ་རྒྱན་པད་མས་བྱིན་གྱིས་བརླབས་པའི་སྦས་ཡུལ་འབྲས་མོ་ལྗོངས་སུ་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་རྟེན་དང་བརྟེན་པ་བཅས་སྲིད་ན་མཐོང་དཀོན་པ་འདི་བཞེངས་གྲུབ་བྱུང་བར་རྗེས་སུ་ཡི་རང་ཞུ་རྒྱུ་དང༌། འདིའི་བྱིན་མཐུ་ལ་བརྟེན་འཛམ་གླིང་སྤྱི་ལ་ཞི་བདེ་དང་། ཡུལ་ལུང་ཀུན་ཏུ་ནད་མཚོན་མུ་གེའི་འཇིགས་པ་མཐའ་དག་ཞི་ནས་བདེ་དགའི་དཔལ་ལ་མངོན་པར་རོལ་ཐུབ་པའི་སྨོན་འདུན་ཞུ།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་མཛད་འཕྲིན་ཡར་ངོ་ཟླ་ལྟར་རྒྱས་པ་དང་། ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པའི་སྐྱབས་སྨོན་ཞུ་རྒྱུ་བཅས། །