༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༠༧ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་ ༣ ཙམ་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སྦག་ཌོ་ར་གནམ་ཐང་དུ་ཕེབས་འབྱོར་སྐབས་བྱང་ཤར་སྤྱི་ཁྱབ་དང་རྡོར་གླིང་ས་གནས་འགོ་འཛིན་གཅིག་ལྕོགས་རྡོ་རྗེ་རིག་འཛིན་ལགས་དང་། ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་ལགས། སྒང་ཏོག་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས་ཀྱིས་གཙོས་པའི་དགེ་འདུན་པ་ཁག་ཅིག དེ་བཞིན་ཀ་སྦུག་དང་རྡོར་གླིང་ཁུལ་གྱི་མི་མང་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ནས་སྲད་རྒྱུད་གྲྭ་ཚང་དུ་ཕེབས་འབྱོར་སྐབས་མི་མང་དང་། སྲད་རྒྱུད་གྲྭ་ཚང་གྱི་སློབ་ཕྲུག་རྣམས་ནས་ཕེབས་བསུ་ཞུས་རྗེས་ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་ལགས་ཀྱིས་ས་ལུ་ག་རའི་ལས་བསྡོམས་སྙིང་བསྡུས་ཤིག་སྒྲོགས་སྦྱང་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཐོག་མར་མི་མང་རྣམས་ལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་དབུ་མའི་ལམ་དང་འབྲེལ་གསུངས་དོན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་ནང་དུ་རྒྱལ་སྤྱིའི་ཆབ་སྲིད་དང་། རྒྱ་ནག་ནང་གི་ཆབ་སྲིད། སྒོས་སུ་བོད་ནང་གི་ཆབ་སྲིད་བཅས་ཀྱི་འགྱུར་འགྲོས་ལ་གཞི་བཅོལ་བའི་དབུ་མའི་ལམ་གྱི་སྲིད་བྱུས་དེ་བཞིན་ལག་བསྟར་གནང་གི་ཡོད།དེ་ཡང་ཐོག་མར་གལ་ཆེ་ཤོས་དེ་འཛམ་གླིང་གི་ཆབ་སྲིད་གནས་སྟངས་ཆགས་ཡོད་དུས་དེ་འགྱུར་བ་ཧ་ཅང་ཤུགས་ཆེན་པོ་ཐེབས་བཞིན་ཡོད། ཁ་སང་ཨ་རིའི་འོས་བསྡུ་ཆེན་པོ་བསྒྲུབས་ཟིན་ནའང་གཞུང་གིས་གསལ་བསྒྲགས་སྤེལ་བར་བདུན་ཕྲག་གཉིས་ཙམ་འགོར་སྲིད་ཀྱི་རེད། ཡིན་ནའང་ཨ་རའི་འོས་བསྡུའི་ལས་རིམ་བསྒྲུབས་མ་ཐག་འོས་ཤོག་དེ་དག་འཕྲལ་དུ་སྡོམ་འགོ་བཙུགས་ཡོད་པས་ད་ལྟའི་གནས་སྟངས་ལ་བལྟས་ཚེ་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཊོ་ནལྚ་ཀྲོམ་མཆོག་ཐོབ་ཟིན་པའི་རྣམ་པ་ཞིག་ཡིན། ཉེ་ཆར་ཨ་རིའི་སྲིད་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་ཡོད། དེ་རྗེས་ཨ་རིའི་གཞུང་ནས་ང་ཚོར་དཔུང་རོགས་གང་འཚམས་ཤིག་ཐོབ་ཀྱི་ཡོད་མེད་ཚོད་དཔག་བྱེད་དགོས་ཀྱི་ཡོད་པས་སྲིད་འཛིན་སྐུ་ཞབས་ཇོ་སྦའི་ཌན་གྱི་སྲིད་གཞུང་མུ་མཐུད་དེ་ལྕམ་ཀ་མ་ལ་ཧེ་རི་སིས་གནང་བ་ཡིན་ན་དེར་དཔག་པའི་ཐབས་བྱུས་སྒྲིགས་དགོས་པ་དང་། མི་སྣ་མཇལ་འཕྲད། ཞུ་གཏུག་བཅས་བྱེད་དགོས་ཀྱི་ཡོད། ད་ལྟ་སྲིད་འཛིན་ཟུར་པ་སྐུ་ཞབས་ཀྲོམ་ལ་རྒྱལ་ཁ་ཐོབ་དུས་དེར་དཔག་པའི་ཐབས་བྱུས་སྒྲིག་དགོས་ཀྱི་ཡོད། ཅེས་གསུངས།དེ་བཞིན་ཨ་རིའི་སྲིད་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་ནང་གི་དོན་ཚན་ཁག་ཅིག་གསལ་སྟོན་གྱིས་འགྲེལ་བརྗོད་གནང་སྐབས་རྒྱ་གཞུང་གིས་རྒྱུན་ལྡན་ནས་གནས་ཚུལ་འཁྱོག་བཤད་བྱེད་བཞིན་པར་ཁྲིམས་ཡིག་དེས་དགག་པ་རྒྱག་གི་ཡོད། རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཟེར་བ་མེད་པ་དང་། བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ཡིན་ཞེས་ཁས་ལེན་བྱེད་བཞིན་ཡོད། དེར་ཁྲིམས་ཐོག་ནས་དགག་པ་ཡོང་གི་ཡོད། ཅེས་བོད་རྒྱའི་རྩོད་རྙོག་འགོ་ཚུགས་པའི་བརྒྱུད་རིམ་དང་། ཕྱི་ལོ་ ༡༩༥༠ ལོར་མཉམ་འབྲེལ་རྒྱལ་ཚོགས་སུ་བཅར་བ་དང་། ཐེངས་གཉིས་པ་དེ་བཙན་བྱོལ་དུ་འབྱོར་མ་ཐག་ཕྱི་ལོ་ ༡༩༦༡ ལོར་བཅར་སྐབས་མཉམ་འབྲེལ་རྒྱལ་ཚོགས་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པའི་ཐག་གཅོད་གནང་ཞིང་། མཐར་ཕྱི་ལོ་ ༡༩༦༥ ལོར་བཅར་ཡོད་པའི་སྐོར་གསུངས།
དེ་མཚུངས་རྒྱ་གཞུང་གིས་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་པར་སྒྲུབ་བྱེད་དུ་བོད་ཅེས་པ་ཞི་ཙང་དུ་མིང་བསྒྱུར་བྱེད་བཞིན་པ་མ་ཟད། རྒྱལ་ཁབ་གཞན་ཁག་ཏུ་དེ་བཞིན་བེད་སྤྱོད་བྱེད་དགོས་པའི་གནོན་ཤུགས་བཏང་ཡོད་པའི་ནང་ནས་ཉེ་ཆར་ཕ་རན་སིའི་འགྲེམས་སྟོན་ཁང་གཉིས་ཀྱི་ནང་དུ་བོད་མིང་བསྒྱུར་བཅོས་བཏང་ཡོད་པའི་གནས་ཚུལ་བྱུང་ཡོད་སྐོར་གསུངས་ཡོད།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མང་ཚོགས་ལ་བོད་ཀྱི་ལོ་རྒྱུས་ལ་དོ་སྣང་དགོས་གལ་སྐོར་གསུང་སྐབས་མ་ཧི་ཀལ་ཝན་ཝལཊ་ཝན་པ་རག་ (Michael van Walt van praag) ལགས་ཀྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། རྒྱ་ནག་གི་གཙུག་ལག་སློབ་དཔོན་ལའོ་ལགས་ཀྱིས་བརྩམས་པའི་ཕྱག་དེབ་དེ་གཉིས་ངོ་སྤྲོད་གནང་ཡོད་པ་དང་། བོད་དང་རྒྱ་ནག་གཉིས་ལོ་རྒྱུས་ཐོག་ནས་ཐ་དད་ཡིན་པའི་སྐོར་གསུངས་རྗེས་མང་ཚོགས་ཀྱི་དྲི་བ་ཁག་ཅིག་ལ་ལན་འདེབས་གསལ་བཤད་གནང་ཡོད། །