༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༨ ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཙམ་ལ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀ་སྦུག་ཡན་ལག་སྨན་རྩིས་ཁང་དང་། རྒས་གསོ་ཁང་། ལྷ་མོ་ཚོགས་པ་བཅས་སུ་འཚམས་གཟིགས་གནང་རྗེས་ཀ་སྦུག་མ་ཎི་ལྷ་ཁང་དུ་མི་མང་རྣམས་ལ་གསུང་བཤད་གནང་ཡོད།
དེ་ཡང་ཐོག་མར་ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་འཚམས་འདྲི་དང་འབྲེལ་གསུང་བཤད་གནང་སྐབས་བོད་མི་རྣམས་བཙན་བྱོལ་དུ་ཕེབས་པའི་བརྒྱུད་རིམ་དང་། མི་རབས་རྒན་པ་རྣམས་ཀྱིས་སྐུ་ལས་བསྐྱོན་ཚུལ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་རྒྱ་གར་གྱི་སྲིད་བློན་ནེཧ་རུ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྒྱ་གར་དུ་བོད་མི་རྣམས་ལ་གཞིས་ཆགས་དང་སློབ་གྲྭ་ཁག་བཙུགས་པའི་བརྒྱུད་རིམ་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།གཞན་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༦༧ ནས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནང་ཆིབས་བསྒྱུར་བསྐྱངས་པ་དང་། ཕྱི་ལོ་ ༡༩༧༣ ལོར་ཡུ་རོབ་ཏུ་ཆིབས་བསྒྱུར་བསྐྱངས་སྐབས་ཐོག་མར་དབུ་མའི་ལམ་གྱི་དགོངས་གཞི་འཁྲུངས་པའི་སྐོར་༸གོང་ས་མཆོག་གིས་བཀའ་གནང་ཡོད། ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ བར་རྒྱ་ནག་དང་། ལྷག་པར་བོད་ནང་དུ་རིག་གནས་གསར་བརྗེའི་ལས་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་པས་སྐབས་དེར་དགོན་སྡེ་ཁག་དང་དཔེ་ཆ་ཁག་གཏོར་བཅོམ་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད། གནས་སྟངས་དེ་ལྟ་བུའི་འོག་བོད་དང་། བོད་མི་རིགས་ཀྱི་ངོ་བོ་ལྷག་དང་མི་ལྷག་གི་གནས་སྟངས་བྱུང་བ་ལ་བརྟེན་ནས་༸གོང་ས་མཆོག་གིས་དབུ་མའི་ལམ་གྱི་དགོངས་པ་བཞེས་འགོ་ཚུགས་པའི་སྐོར་བཀའ་སློབ་གནང་ཡོད། ཕྱི་ལོ་ ༡༩༧༩ ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་ཆིབས་བསྒྱུར་བསྐྱངས་པ་མ་ཟད། ཨ་རིའི་གྲོས་ཚོགས་དེ་ནུས་ཤུགས་ཆེན་པོ་ཡོད་པ་གཟིགས་ཤིང་ཆེས་ཐོག་མར་དབུ་མའི་ལམ་གྱི་སྐོར་བཀའ་སློབ་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་ཆུང་ (Human Rights Corpus) ཐོག་གནང་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་ཞི་བའི་དོན་ཚན་ལྔ་ཞེས་པའི་ཐོག་བཀའ་སློབ་གནང་ཡོད་པའི་ནང་ཞི་བའི་དོན་ཚན་ལྔ་པ་དེ་བོད་རྒྱ་གྲོས་མོལ་དང་འབྲེལ་བ་ཆགས་ཡོད། དེའི་སྐོར་ཕྱི་ལོ་ ༡༩༨༨ ལོར་སི་ཊར་སི་བྷག་ཏུ་ཡུ་རོབ་གྲོས་ཚོགས་ནང་དུ་བཀའ་སློབ་གནང་ཞིང་དབུ་མའི་ལམ་གྱི་ས་བོན་ལྟ་བུ་ཆགས་ཡོད། ཅེས་དབུ་མའི་ལམ་གྱི་བྱུང་རིམ་དང་བཙན་བྱོལ་སྤྱི་ཚོགས་ནང་དུ་མི་མང་གིས་༸གོང་ས་མཆོག་གི་དགོངས་གཞི་ལྟར་ཤར་བསྐྱོད་བྱ་རྒྱུ་ཡིན་ཞེས་དར་སྤེལ་བྱུང་ཚུལ་སྐོར་གསུངས།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་ཤེས་དགོས་གལ་དང་། བོད་ནང་དུ་ཛ་དྲག་གནས་ཚུལ་སྐོར་དོ་སྣང་བྱེད་དགོས་པའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་དུ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་མ་ཟད། ནང་མི་སྤུན་མཆེད་ཕན་ཚུན་དབར་ཡིད་ཆེས་བྱེད་ཁག་པོ་བཟོས་ཡོད་པའི་སྐོར་དང་། གཞན་ཡང་བོད་ནང་དུ་དམ་བསྒྲགས་ཤུགས་ཆེར་རྐྱེན་པས་ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ནས་བཙན་བྱོལ་དུ་ཕེབས་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད་པའི་ཐུགས་འཚབ་དང་། དེའི་ཤུགས་རྐྱེན་དགོན་སྡེ་ཁག་དང་སློབ་གྲྭ་ཁག་ཏུ་ཐེབས་ཀྱི་ཡོད་སྐོར་གསུངས།
དེ་མིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེང་སང་རྒྱ་ནག་དང་རྒྱལ་ཁབ་གཞན་གྱི་དཔལ་འབྱོར་གྱི་འབྲེལ་བ་དང་། ནད་ཡམས་རྗེས་སུ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཧ་ཅང་ཉམས་ཡོད་སྐོར། རྒྱ་ནག་ནང་དུ་གཞོན་སྐྱེས་ལས་མེད་མང་དུ་ཕྱིན་ཡོད་པའི་སྐོར་སོགས་འགྲེལ་བརྗོད་གནང་རྗེས་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་དྲུག་པའི་ཐབས་བྱུས་དང་འབྲེལ་བའི་སྐོར་གསུང་སྐབས་ད་ལྟའི་བོད་ནང་གི་གནས་སྟངས་དང་། རྒྱ་ནག་ནང་གི་གནས་སྟངས། དེ་བཞིན་རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནས་སྟངས་ཐོག་དོ་སྣང་བྱེད་དགོས་ཀྱི་ཡོད། ང་ཚོས་རྒྱལ་སྤྱིའི་སྟེང་བོད་དོན་ཞུ་གཏུག་བྱེད་སྐབས་བོད་གཅིག་པོའི་སྐོར་འགྲེལ་བརྗོད་བརྒྱབ་པས་ཕན་ཐོགས་མེད། ང་ཚོ་དང་མཐུན་པའི་ཡུ་གུར་དང་། ལྷོ་སོག ཧོང་ཀོང་། རྒྱ་ནག་ནང་གི་མང་གཙོ་ལས་འགུལ་བ། གཞན་ཡང་ཐའེ་ཝན་དང་ལྷན་དུའང་འགྲེལ་བརྗོད་རྒྱག་བཞིན་ཡོད། དེ་ལྟར་བྱས་ཚེ་དོ་སྣང་དང་ཉན་མཁན་ཡང་མང་དུ་འགྲོ་ཡི་ཡོད། དེར་བརྟེན་འཛམ་གླིང་གི་གནད་དོན་མང་པོ་ཞིག་ལ་བལྟས་ནས་བོད་ལ་གོ་སྐབས་ཐོབ་དང་མི་ཐོབ་ཐོག་དོ་སྣང་བྱེད་བཞིན་ཡོད།མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མི་རྣམས་ནས་བོད་ཀྱི་ལོ་རྒྱུས་ཤེས་དགོས་སྐོར་དང་འབྲེལ་བོད་ཀྱི་ལོ་རྒྱུས་མ་ཤེས་ན་མི་རབས་རྗེས་མར་རྩིས་སྤྲོད་རྒྱུ་གང་ཡང་མེད་པ་མ་ཟད། འཐབ་རྩོད་བརླག་འགྲོ་བའི་ཉེན་ཁ་ཡོད་ཅེས་དང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ད་བར་སྐུ་ལས་བསྐྱོན་པ་རྣམས་བེད་མེད་དུ་འགྲོ་གི་ཡོད་སྐོར་དང་འབྲེལ་བོད་མི་རྣམས་ནས་ལོ་རྒྱུས་ལ་དོ་སྣང་བྱེད་དགོས་པའི་ནན་སྐུལ་གནང་ཡོད་པ་མ་ཟད་མང་ཚོགས་ཀྱི་དྲི་བ་ཁག་ཅིག་ལ་ལེན་འདེབས་གནང་ཡོད།
སྐབས་དེར་བྱང་ཤར་སྤྱི་ཁབ་དང་རྡོ་རྗེ་གླིང་ས་གནས་འགོ་འཛིན་གཅིག་ལྕོགས་རྡོ་རྗེ་རིག་འཛིན་ལགས་དང་། ཀ་སྦུག་ས་གནས་འགོ་འཛིན་ཚེ་བརྟན་ལགས། སྒང་ཏོག་ས་གནས་འགོ་འཛིན་དོན་གྲུབ་བཟང་པོ་ལགས། ས་འཐུས་ཚོགས་གཙོ་ཆོས་སྐྱབས་ལགས། ཀ་སྦུག་སཾ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི་ཚེ་རིང་མཚོ་མོ་ལགས་གཙོས་པའི་མི་མང་ ༢༠༠ ཙམ་ཕེབས་ཡོད། །