དེ་ཡང་གོང་ཚེས་ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤།༡༥ ཙམ་ལ་ཤིས་ལོང་དུ་ཡོད་པའི་བོད་དགོན་དགའ་ལྡན་ཆོས་གླིང་དགོན་པར་ཕེབས་འབྱོར་སྐབས་བོད་དགོན་དགའ་ལྡན་ཆོས་གླིང་གི་དགེ་འདུན་པ་དང་། སློབ་ཕྲུག ཤིས་ལོང་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཕྱོགས་བཞུགས་སྤྱི་འཐུས་ཚེ་རིང་སྒྲོལ་མ་ལགས་དང་། སྤྱི་ཟུར་དབྱངས་ཅན་སྒྲོལ་དཀར་ལགས། ཤིས་ལོང་བོད་དགོན་དགའ་ལྡན་ཆོས་གླིང་གི་མཁན་རིན་པོ་ཆེ་མཆོག་བཅས་ཕེབས་ཡོད། ཐོག་མར་ཤིས་ལོང་ས་གནས་འགོ་འཛིན་བསྟན་འཛིན་བསམ་གཏན་ལགས་ཀྱིས་ལས་བསྡོམས་སྙིང་བསྡུས་སྒྲོགས་སྦྱང་གནང་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ནང་དུ་ཡོད་པའི་བོད་མིའི་གཞིས་ཆགས་ཁག་ཏུ་སྐོར་བསྐྱོད་ཐེངས་གཉིས་པ་འགོ་བཙུགས་ཡོད་པ་དང་། སྐོར་བསྐྱོད་དེའང་མི་མང་རྣམས་དང་ཐུག་འཕྲད་ཁོ་ན་མིན་པར་མི་མང་གི་དགོས་མཁོ་ཁག་རྟོགས་རྒྱུ་དང་དེ་དག་སེལ་ཐབས་བྱ་རྒྱུ། དེ་བཞིན་རྒྱ་གར་བྱང་ཤར་ཨི་ཊ་ན་གར་ལ་སོགས་པའི་རྒྱལ་ས་དང་མཐོ་སློབ་ཁག་ཏུ་ཕེབས་ཏེ་བོད་དོན་གོ་རྟོགས་སྤེལ་འཆར་ཡོད་སྐོར་གསུངས།
དེ་བཞིན་ཁོང་གིས་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་ལས་འགན་སྐོར་གསུང་སྐབས་ཆེས་ཐོག་མར་བོད་དོན་བདེན་མཐའ་བསལ་རྒྱུ་ཡིན་པ་དང་། དེ་ཡང་དབུ་མའི་ལམ་གྱི་སྲིད་བྱུས་ནི་དེའི་ཐབས་ལམ་ཡིན་ཞེས་གསུངས། ཁོང་གིས་དབུ་མའི་ལམ་གྱི་ཐབས་ལམ་ཟེར་སྐབས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གཞུང་དང་ལྷན་དུ་གྲོས་མོལ་བྱ་རྒྱུ་དེ་ཡིན་ཡང་། རྒྱ་ནག་གི་ཆབ་སྲིད་ལ་ལྟ་སྐབས་ཁག་པོ་ཡིན། དབུ་མའི་ལམ་གྱི་སྲིད་བྱུས་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ཡིན་ལ་མི་མང་རྣམས་ནས་དབུ་མའི་ལམ་གྱི་སྲིད་བྱུས་ལ་ཆེ་མཐོང་དགོས་པར་མཐའ་གཉིས་ངོས་འཛིན་བྱ་རྒྱུ་གལ་ཆེན་པོ་ཆགས་ཡོད། མཐའ་གཅིག་དེ་བོད་ནང་གི་ཆབ་སྲིད་གནས་སྟངས་དང་། མཐའ་གཞན་ནི་ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཅིག་ཡིན་པ་དེ་ཡིན། ད་ལྟ་བོད་ནང་དུ་ཆབ་སྲིད་ཀྱི་རང་དབང་མེད་པ་མ་ཟད། བོད་ནང་སློབ་གྲྭ་ཁག་བཙན་དབང་གིས་སྒོ་རྒྱག་དགོས་པ་དང་། དགོན་སྡེ་ཁག་ནང་ལོ་ན་ ༡༨ མན་གྱི་སློབ་ཕྲུག་རྣམས་གཏན་འཇགས་སློབ་གྲྭ་ཁག་ནང་བཙན་འཇུག་བྱས་དང་བྱེད་བཞིན་ཡོད། དེ་མ་ཟད་བོད་ནང་གི་དཔེ་མཛོད་ཁང་དུ་བོད་ཀྱི་ཆོས་དང་འབྲེལ་བའི་ཡིག་ཆ་དང་ཕྱག་དེབ་སོགས་འཇོག་ཆོག་གི་མེད་པའི་གནས་སྟངས་ཆགས་ཡོད། དེ་མཚུངས་ཕྱོགས་གཞན་ནས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་པའི་གནས་བབ་མེད་སྟབས། རྒྱ་ནག་གིས་འཁྱོག་བཤད་དང་། འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བོད་དེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆ་ཤས་ཡིན་ཞེས་འབོད་དུ་བཅུག་བཞིན་ཡོད། དེར་ང་ཚོས་ལོ་རྒྱུས་ཀྱི་གནས་བབ་ཤེས་པའི་ཐོག་ནས་འཛམ་གླིང་སྟེང་འགྲེལ་བརྗོད་དང་ཞུ་གཏུག་བྱེད་བཞིན་ཡོད། ཉེ་ལམ་ཨ་རིའི་སྲིད་གཞུང་གིས་བོད་རྒྱའི་རྩོད་རྙོག་སེལ་བའི་ཁྲིམས་ཡིག་གཏན་འབེབས་གནང་བ་དེའང་ལོ་མང་རིང་དཀའ་ལས་བརྒྱབ་པའི་འབྲས་བུ་ཞིག་ཡིན། ཞེས་གསུངས།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མ་ཧི་ཀལ་ཝན་ཝལཊ་ཝན་པ་རག་ (Michael van Walt van praag) ལགས་ཀྱིས་བརྩམས་པའི་བོད་ཀྱི་གནད་བསྡུས་ ༢༠།༢༠ དང་། རྒྱ་ནག་གི་སློབ་དཔོན་ལའོ་ལགས་ཀྱི་ཕྱག་དེབ་གཉིས་ངོ་སྤྲོད་དང་འབྲེལ་བོད་ཀྱི་གཞོན་སྐྱེས་རྣམས་ནས་ཕྱག་དེབ་དེ་གཉིས་གལ་ཆེན་དུ་བརྩིས་ཏེ་བཀླག་དགོས་གལ་དང་། ཕྱག་དེབ་དེ་གཉིས་འཛམ་གླིང་གི་རྒྱལ་ཁབ་ཁག་ཏུ་བོད་དེ་རྒྱ་ནག་གི་ཆ་ཤས་མིན་པའི་དཔང་རྟགས་སུ་སྟོན་གྱི་ཡོད་པའི་སྐོར་དང་། དེ་བཞིན་དེང་སང་རྒྱ་ནག་དང་རྒྱལ་ཁབ་ཆེ་གྲས་ཁག་གི་དབར་དཔལ་འབྱོར་གྱི་འབྲེལ་བའི་གནས་བབ་སྐོར་འགྲེལ་བརྫོད་གནང་ཡོད།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་བཀའ་ཤག་སྐབས་བཅུ་དྲུག་པའི་འཛིན་སྐྱོང་གི་སྒྲོམ་གཞི་དང་འབྲེལ་གསུང་སྐབས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་སྐབས་རྗེས་མ་བཀའ་ཤག་སུ་འདྲ་ཞིག་ཕེབས་ཀྱང་འཛིན་སྐྱོང་ཐོག་དཀའ་ངལ་མི་འཕྲད་པ་ཞིག་བཟོ་རྒྱུ་ཡིན་ཞེས་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་དང་། གྲངས་ཐོ་ཚད་ལྡན་བཟོ་རྒྱུ། གཞིས་སྤོ་ལས་གཞི་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད་པ་མ་ཟད། རྗེས་ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་དང་འབྲེལ་འཆར་གཞི་གང་ཡོད་སྐོར་མདོར་ཙམ་གསུངས་ཡོད།
དེ་ནས་མི་མང་ཁག་ཅིག་གིས་ཉེ་བའི་ལོ་ཤས་ནང་ཤིས་ལོང་སཾ་བྷོ་ཊ་སློབ་གྲྭ་སྒོ་བརྒྱབ་དགོས་པའི་གནས་སྟངས་སྐོར་ཐུགས་ཚབ་བསྟན་སྐབས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་ལྟར་གལ་ཏེ་སློབ་གྲྭའི་ནང་སློབ་ཕྲུག་བཅོ་ལྔ་ལས་ཉུང་ཚེ་སྒོ་བརྒྱབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བ་དང་། མི་མང་ཁག་ཅིག་ནས་གཞིས་སྤོ་ལས་གཞི་དང་འབྲེལ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཏུ་སྤོ་འདོད་ཡོད་ཀྱང་ས་ཆ་མེད་པའི་དོགས་དྲིར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁང་པ་གསར་རྒྱག་ཆེད་བོད་མིའི་སྒྲིག་འཛུགས་ནས་དངུལ་གྱི་རོགས་རམ་གང་འདྲ་གནང་མིན་སོགས་ཀྱི་སྐོར་འགྲེལ་བརྗོད་གནང་ཡོད།
ཕྱི་ཚེས་ ༠༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཙམ་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ཤིས་ལོང་ནས་གུ་ཝ་ཧ་ཊིའི་གནམ་ཐང་དུ་ཕེབས་ཐོན་སྐབས་ཤིས་ལོང་ས་གནས་འགོ་འཛིན་བསྟན་འཛིན་བསམ་གཏན་ལགས་གཙོས་པའི་མི་མང་ཁག་ཅིག་གིས་ཕེབས་སྐྱེལ་ཞུས་ཡོད། ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཤིས་ལོང་གི་ཕྱོགས་ཕེབས་སྐབས་ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་དང་། བྱང་ཤར་འབྲེལ་ལས་དབུ་མ་འཕྲིན་ལས་ལགས་རྣམ་གཉིས་ལྷན་བཅར་ཞུས་ཡོད་པ་བཅས།།