༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕ་རན་སཱིའི་རྒྱལ་ས་པེ་རི་སིར་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། པེ་རི་སིའི་འབྲེལ་མཐུད་པ་ཐུབ་བསྟན་ཚེ་རིང་ལགས། ཕ་རན་སི་བོད་རིགས་ཚོགས་པའི་སྐུ་ཚབ་གཙོས་པའི་གཞུང་དང་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ས་གནས་བོད་མི་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ཚེས་ ༡༧ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕ་རན་སཱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཇ་ཁ་ལིན་ཨུས་ཏ་ཆི་(Jacqueline Eustache-Brinio)ལགས་དང་ལྷན་ཉིན་གུང་གསོལ་ཚིགས་ལྷན་བཞེས་གནང་ཞིང་། སྐབས་དེར་ (Saint Gartien) གྲོང་སྡེའི་སྤྱི་ཁྱབ་ཇུ་ལིན་བྷ་ཇཊ་ (Julien Bachard)ལགས་ཀྱང་ལྷན་ཞུགས་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་པེ་རི་སི་ཁུལ་དུ་གནས་སྡོད་བོད་མི་རྣམས་ལ་བོད་དོན་དང་ལྷག་པར་དུ་བཀའ་ཤག་སྐབས་བཅུ་དྲུག་པའི་ལས་དོན་གནང་ཕྱོགས་སྐོར་གསུང་བཤད་གནང་ཡོད། དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བོད་མི་རྣམས་བཙན་བྱོལ་དུ་རྒྱུན་གནས་ཐོག་བོད་དོན་འཐབ་རྩོད་ལ་འབད་འབུངས་ལྷོད་མེད་གནང་བཞིན་ཡོད་པ་དང་། ད་ལམ་མགོན་པོ་གང་ཉིད་མཆོག་སྐུ་ན་བགྲེས་པོ་ཡིན་དུས་སྔར་རྒྱུན་བཞིན་མཛད་པ་སྐྱོང་དཀའ་བས། བོད་མི་རྣམས་ནས་མགོན་པོ་གང་ཉིད་ཀྱི་དབུ་འོག་དཔུང་འདེགས་ཞུས་ཏེ། བོད་དོན་རང་དབང་འཐབ་རྩོད་ཐོག་ཤུགས་སྣོན་རྒྱག་དགོས་པ་དང་། སྲིད་སྐྱོང་ནས་ཀྱང་འཛམ་གླིང་ཡུལ་གྲུ་མང་པོར་ཆེད་བཅར་གྱི་བོད་དོན་ཐོག་རྒྱབ་སྐྱོར་ཐབས་འཚོལ་དང་། བོད་ཀྱི་གནད་དོན་སྐོར་གོ་རྟོགས་དྲིལ་བསྒྲགས་གནང་བཞིན་ཡོད་པ་ངོ་སྤྲོད་གནང་།
དེ་བཞིན་སྲིད་སྐྱོང་མཆོག་གིས་གཞུང་འབྲེལ་སྲིད་བྱུས་དབུ་མའི་ལམ་དང་འབྲེལ་ཏེ། ང་ཚོའི་ལས་འགན་གཙོ་བོ་ནི་བོད་རྒྱའི་དཀའ་རྙོག་བསལ་རྒྱུ་དེ་རེད། བཅའ་ཁྲིམས་ནང་ལ་བོད་དོན་བདེན་མཐའ་སེལ་ཐབས་ཞེས་གསལ་ཡོད། དེར་བརྟེན། བོད་ཀྱི་བདེན་མཐའ་སེལ་བར་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཀྱིས་གཏན་ལ་ཕབ་ཅིང། བོད་མི་མང་ཆེ་བའི་རྒྱབ་སྐྱོར་ཡོད་པ། ༸གོང་ས་མཆོག་ནས་གྲོས་འགོ་བཏོན་གནང་བའི་དབུ་མའི་ལམ་ཆགས་ཀྱི་ཡོད། དབུ་མ་ཟེར་དུས་དཀྱིལ་དང་། དབུས་སོགས་ལ་གོ་དགོས་ཀྱི་རེད། དེང་སང་འཛམ་གླིང་ནང་གི་ཆབ་སྲིད་པ་མང་པོ་ཞིག་གིས་༧གོང་ས་མཆོག་གི་དགོངས་པ་དང་བསྟུན་ནས་དབུ་མ་ཟེར་བའི་ཐ་སྙད་བེད་སྤྱོད་གཏོང་བ་སོགས་ལག་བསྟར་བྱེད་ཐུབ་རྒྱུའི་འབད་བརྩོན་བྱས་དང་བྱེད་མུས་རེད། དེར་བརྟེན། ང་ཚོའི་ཆབ་སྲིད་ཀྱི་ཐབས་ལམ་དེའང་དབུ་མའི་ཐོག་ལ་ཤར་སྐྱོད་བྱེད་ཀྱི་ཡོད་པ་རེད། ཅེས་དང་།དེ་དང་འབྲེལ་ཏེ་ཁོང་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་དང་བོད་མིའི་སྒྲིག་འཛུགས་ངོས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ལྷན་དུ་གྲོས་མོལ་ཡོང་ཐབས་སུ་འབད་རྩོལ་དང་ཐབས་ལམ་ཇི་བསྟེན་གསལ་བཤད་དང་། དེ་ལ་བརྟེན་ནས་ཕན་འབྲས་གང་སོན་གསལ་བཤད་གནང་བའི་ཐོག དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བོད་ཕྱི་ནང་གཉིས་ཀྱི་འབྲེལ་བ་མཐུད་ཐུབ་བྱུང་བ་མ་ཟད། བོད་ནས་བོད་མི་མང་དག་ཅིག་ཕྱི་ཡུལ་དུ་འགྲོ་རྒྱུ་དང་ཕྱི་སྡོད་བོད་མི་མང་པོ་བོད་དུ་གཉེན་འཕྲད་དུ་བསྐྱོད་རྒྱུའི་གོ་སྐབས་བྱུང་བ་སོགས་དབུ་མའི་ལམ་གྱི་སྲིད་བྱུས་དང་དེའི་ཕན་འབྲས་སྐོར་འགྲེལ་བརྗོད་གནང་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་ནས། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྡུས་པའི་བོད་མི་རིགས་ཀྱི་ངོ་བོ་ཟེར་བ་འདི་༧གོང་ས་མཆོག་གིས་བསྐྲུན་གནང་བ་སོགས་དབུ་མའི་ལམ་གྱི་འབྱུང་རིམ་ངོ་སྤྲོད་དང་། བཀའ་ཤག་རིམ་བྱོན་ནས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ཤར་སྐྱོད་གནང་ཡོད་པ་ལྟར། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་ཀྱང་སྲིད་བྱུས་དེའི་ཐོག་ཤར་སྐྱོད་གནང་མུས་ཡིན་ནའང་། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་ཐབས་བྱུས་ལ་འགྱུར་བ་ཕྲན་བུ་བཏང་སྟེ། ལོ་རྒྱུས་ཐོག་ནས་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པའི་མཐའ་དེར་ཤུགས་བརྒྱབ་ནས། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་ཐོག་གྲོས་མོལ་ལ་ཞུགས་ཐབས་འབད་རྩོལ་གནང་རྒྱུ་ཡིན་པ་གསལ་སྟོན་གནང་ཡོད། ཕྱོགས་མཚུངས་འཚེ་མེད་ཞི་བའི་ལམ་ཐོག་བསྐྱོད་རྒྱུའི་གལ་གནད་དང་འབྲེལ་ཏེ། ད་ལྟའི་དུས་སུ་ཨིས་རལ་དང་གྷ་ཛ། ཨུ་རུ་སུ་དང་ཡུག་རེན་ནང་གི་དམག་འཁྲུག་གཙོས་པའི་འཛམ་གླིང་ནང་དྲག་པོའི་རྩོད་རྙོག་ཡོད་པའི་ས་ཁུལ་ ༥༥ ཙམ་ཡོད་ལ། དེ་ལྟ་བུའི་དྲག་སྤྱོད་ཆེ་བའི་དུས་སྐབས་འདིར་སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལས། འཚེ་བ་མེད་པ་དང་བྱམས་སྙིང་རྗེ་དེ་དོན་དངོས་ཐོག་དགོས་མཁོ་ཆེན་པོ་ཆགས་ཡོད་པ་གསུངས་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ད་ལྟའི་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་སྲིད་དབང་སྒེར་གཅོད་ཀྱི་ལམ་ལུགས་འོག་རྒྱ་ནག་གི་དབང་སྒྱུར་བྱས་པའི་མི་རིགས་རྣམས་རྒྱ་རིགས་སུ་བཙན་སྒྱུར་གྱི་ལས་གཞི་གཞི་རྒྱ་ཆེན་པོ་སྤེལ་མུས་ལྟར། བོད་ནང་དུ་བོད་བརྒྱུད་ནང་བསྟན་གཙོས་པའི་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་ཐབས་ལམ་སྣ་ཚོགས་སྤྱད་དེ་རྩ་མེད་བཏང་དང་གཏོང་བཞིན་པ་མ་ཟད། བོད་ཡིག་སློབ་གྲྭ་ཁག་བཙན་པོས་སྒོ་བརྒྱབ་སྟེ་བོད་ཕྲུག་རྣམས་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་ཁག་ཏུ་བཙན་འཇུག་བྱས་ནས། བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་རྒྱུའི་འབད་རྩོལ་བྱེད་བཞིན་པ་གསལ་བཤད་དང། ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མིའི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་སྒོར་ཐེ་བྱུས་བྱེད་ཆེད་ཕྱི་ལོ་ ༢༠༠༧ ལོར་བཀའ་རྒྱ་ཨང་ ༥ པ་ཞེས་པ་གཏན་འབེབས་བྱས་ཡོད་པ་དང་། དེ་ཉིད་ཀྱི་རྒྱ་ནག་རང་གི་ཆབ་སྲིད་ཀྱི་ཁེ་ཕན་ཆེད་ཡིན་ཞིང་། དེ་ཡང་གཙོ་བོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་ཆེད་དམིགས་པ་ཞིག་ཡིན་པ་གསལ་བཤད་གནང་བའི་ཐོག བོད་མི་རྣམས་ནས་དེ་དོན་རང་གི་ཆོས་དང་རིག་གཞུང་། སྐད་ཡིག་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་སྔར་བས་དོ་སྣང་དང་དོ་ཁུར་ཆེ་བ་བཞེས་དགོས་པའི་ལམ་སྟོན་གནང་ཡོད་པ་རེད།
དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གསུང་བཤད་སྐབས་བོད་མི་མང་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་དང་། ཕ་རན་སཱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་ཇ་ཁ་ལིན་ཨུས་ཏ་ཆི་ (Jacqueline Eustache-Brinio) ལགས། Saint Gartien གྲོང་སྡེའི་སྤྱི་ཁྱབ་ཇུ་ལིན་བྷ་ཇཊ་ (Julien Bachard) ལགས་ཀྱང་ལྷན་བཅར་ཞུས་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གི་ཡུ་རོབ་ཁུལ་གྱི་མཛད་འཆར་མཐའ་མ་དེ་ཕ་རན་སཱིར་ལེགས་པར་གྲུབ་སྟེ། ཕྱི་ཚེས་ ༡༧ ཉིན་གྱི་ཕྱི་དྲོ་རྒྱ་གར་དུ་ཕེབས་ཐོན་གནང་ཡོད་པ་བཅས།།