༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ པའི་ཚེས་ ༢༥ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་སི་ཀོ་ཊ་ལན་ཌི་ (Scotland) ནང་གི་གཞུང་འབྲེལ་ལས་རིམ་ཁག་དབུ་འཛུགས་གནང་ཡོད་པ་རེད།
དེ་ཉིན་སྔ་དྲོ་སི་ཀོ་ཊ་ལན་ཌི་ཤེས་ཡོན་ལས་འཆར་དང་འབྲེལ་བའི་ལས་རིམ་དབུ་འཛུགས་ཀྱིས་ཐོག་མར་སྐུ་ཞབས་ཨ་ཡན་ གྷིལ་ (Ian Gill) ལགས་ཀྱིས་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམས་ལ་སི་ཀོ་ཊ་ལན་ཌིའི་གྲོས་ཚོགས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། དེ་ནས་སི་ཀོ་ཊ་ལན་ཌིའི་ངལ་རྩོལ་སྲིད་དོན་ཚོགས་པ་ནས་ཡིན་པའི་གྲོས་ཚོགས་འཐུས་མི་དང་། བློན་ཆེན་ཟུར་པ་ལྕམ་སྐུ་ས་རཱ་ བྷོ་ཡག་ (Sarah Boyack, Scottish Labour MSP and former Minister for Devolution – Scottish/UK Relations) མཆོག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་ལྕམ་སྐུ་མཆོག་གིས་ཨིན་ཡུལ་དང་། སི་ཀོ་ཊ་ལན་ཌི་གྲོས་ཚོགས་གཉིས་ཀྱི་འོས་བསྡུའི་ལས་རིམ་གྱི་ཁྱད་པར་དང་། སི་ཀོ་ཊ་ལན་ཌི་རང་སྐྱོང་གི་འགན་དབང་བརྒྱུད་སྤྲོད་ཀྱི་ལས་རིམ། སི་ཀོ་ཊ་ལན་ཌི་གྲོས་ཚོགས་གསར་འཛུགས་དང་འགན་དབང་ཆ་བགོས། རང་སྐྱོང་གི་ལས་དོན་དང་། དབུས་གཞུང་གི་གནང་དགོས་ཀྱི་ལས་དོན་ཁག་གི་དབྱེ་བ། སི་ཀོ་ཊ་ལན་ཌི་གྲོས་ཚོགས་ནང་སྲིད་བྱུས་གཏན་འབེབས་གནང་རྒྱུའི་བརྒྱུད་རིམ། རྒྱལ་ཁབ་སྤྱི་ཡོངས་ཀྱི་ཁྲིམས་བཟོའི་ལས་དོན་ཐོག་སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མིའི་འགན་འཁྲི་ཞུ་ཕྱོགས་སྐོར་ལ་གསུངས་འདུག
དེ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་སི་ཀོ་ཊ་ལན་ཌིའི་གྲོས་ཚོགས་ནང་གཞུང་འབྲེལ་གཟིགས་སྐོར་སྣེ་ཁྲིད་གནང་བའི་ཐོག སི་ཀོ་ཊ་ལན་ཌིའི་མང་གཙོའི་འགྲོ་ལུགས་སྤྱི་དང་། གྲོས་ཚོགས་ཀྱི་ལས་རིམ། སྲིད་དོན་དང་རིག་གཞུང་གྱི་རྒྱབ་ལྗོངས་ལོ་རྒྱུས་སོགས་ལ་རྒྱུས་ལོན་བཅས་གནང་རྗེས། སི་ཀོ་ཊ་ལན་ཌི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རཱོ་སི་ གྷིར་ (Ross Greer, Chair of the Cross-Party Group on Tibet) མཆོག་དང་ལྷན་མཇལ་འཕྲད་ཀྱིས་མུ་མཐུད་སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་མང་གཙོའི་འགྲོ་ལུགས་དང་། རྒྱལ་སྤྱིའི་གནད་དོན་ཐོག་སྲིད་དོན་ཚོགས་པ་སྣ་མང་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་ཚོགས་པའི་འགན་འཁྲི་ཞུ་ཕྱོགས་སྐོར་སོགས་ཀྱི་ཐོག་ལ་འགྲེལ་བརྗོད་གནང་འདུག
དེ་ནས་སི་ཀོ་ཊ་ལན་ཌི་གྲོས་ཚོགས་ཀྱི་ཚོགས་གཞོན་ཟུར་པ་ལྕམ་སྐུ་ལིན་ཌ་ ཧྥ་བྷཡེ་ནི་ (Linda Fabiani, Former Deputy Presiding Officer of the Scottish Parliament) མཆོག་དང་ལྷན་མཇལ་འཕྲད་གནང་བ་དང་། དེའི་སྐབས་ལྕམ་སྐུ་ལིན་ཌ་མཆོག་གིས་དེ་གའི་གྲོས་ཚོགས་ཀྱི་ཚོགས་གཞོན་གྱི་ལས་འགན་དང་། སི་ཀོ་ཊ་ལན་ཌི་གྲོས་ཚོགས་སྤྱིའི་ལས་དོན་གནང་ཕྱོགས་སྐོར་ངོ་སྤྲོད་དང་། དྲི་བ་དྲིས་ལན་གྱི་ཐོག་ནས་དེ་གའི་གྲོས་ཚོགས་ཀྱི་ལས་དོན་གནང་ཕྱོགས་ཐོག་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་འདུག
དེ་ཉིན་དགོང་དྲོ་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་དེ་གའི་སྲིད་དོན་ཚོགས་པ་སྣ་མང་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་དང་ལྷན་ཚོགས་འདུ་ཞིག་ཚོགས་པ་དང་། གཙོ་བོ་ཚོགས་པའི་ངོ་བོ་དང་། ལས་དོན་གནང་ཕྱོགས། དཔལ་འབྱོར་སྙན་ཐོ་དང་ལས་བསྡོམས་ཐོག་བགྲོ་གླེང་གནང་འདུག
དེའི་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གསུངས་ཤིང་། དེ་ཡང་གཙོ་བོ་རྒྱ་ནག་དམར་གཞུང་གིས་བོད་པའི་སློབ་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་བའི་ཐོག་བོད་རིགས་རྣམས་རྒྱ་རིགས་ནང་མཉམ་བསྲེས་གཏོང་བཞིན་ཡོད་པའི་སྐོར་དང་། བྱིས་པ་ཚུན་ཆད་ཀྱི་རིགས་རྫས་བསྡུ་ལེན། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག ཆོས་དད་རང་དབང་ཐོག་དམ་བསྒྲགས་ཤུགས་ཆེ་བྱས་དང་བྱེད་བཞིན་པའི་གནས་སྟངས་སྐོར་གསལ་སྟོན་གནང་འདུག
དེ་བཞིན་ཛ་དྲག་ཅན་གྱི་གནད་དོན་དེ་རྣམས་ལ་རྒྱལ་སྤྱིའི་ནང་མུ་མཐུད་ཞུ་སྐུལ་དང་། རྒྱལ་སྤྱིའི་ཐོག་ནས་ཀྱང་དེ་དག་ལ་གདོང་ལེན་གནང་དགོས་པ་ངོས་བཟུང་བའི་ཐོག སི་ཀོ་ཊ་ལན་ཌི་དང་རྒྱལ་སྤྱིའི་གྲོས་ཚོགས་གཞན་གྱི་ནང་གནད་དོན་དེ་དག་ཐོག་ཐུགས་སྣང་ཡོང་ཐབས་ཀྱི་ཐབས་ལམ་ཇི་ཡོད་ཐོག་ཚོགས་བཅར་བ་ཕན་ཚུན་བཀའ་བསྡུར་ལྷུགས་པོ་གནང་ཞིང་། ཚོགས་འདུ་དེའི་ནང་ས་གནས་བོད་མི་རྣམས་ཀྱང་མཉམ་ཞུགས་གནང་འདུག
དཔལ་ལྡན་ཚོགས་གཙོ་མཆོག་གིས་སྣེ་ཁྲིད་པའི་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པར་དགོང་དྲོ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་པའི་ཐོག་དེའི་སྐབས་མུ་མཐུད་བོད་དོན་ཐོག་བཀའ་བསྡུར་གནང་འདུག་པ་བཅས། །