༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༢༠ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་འོག སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་རྒྱལ་ཁབ་ནང་དེ་གའི་གཞུང་གི་སློབ་སྟོན་པ་དང་། གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གཉིས། ཨིན་ཡུལ་གྱི་སྲིད་དོན་ཚོགས་པ་ཡོངས་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཚོགས་པ་བཅས་ཀྱི་ཚོགས་མི་མཇལ་འཕྲད་ཀྱིས་མུ་མཐུད་གཞུང་འབྲེལ་ལས་རིམ་བསྐྱངས་ཡོད་པ་རེད།
དེ་ཉིན་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་གཞུང་གི་སློབ་སྟོན་པ་སྐུ་ཞབས་ཌེ་ཝིཌ་ ཊོ་རན་སི་ (David Torrance, Government Advisor) མཆོག་དང༌། གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ (Foreign Affairs Committee) གི་ཚོགས་མི་གྲོས་ཚོགས་འཐུས་མི་ཌན་ ཀར་ཌེན་ (MP Dan Carden) ལགས་དང་། ཚོགས་མི་གྲོས་ཚོགས་འཐུས་མི་བེ་ལེར་ མེག་ཌོ་གྷལ་ (MP Blair McDougall) ལགས་བཅས་དང་ལྷན་རིམ་པས་མཇལ་འཕྲད་དང་། དེ་བཞིན་ཨིན་ཡུལ་གྲོས་ཚོགས་འོག་མའི་ནང་གི་ཚོགས་གཙོའི་གྲོས་ཚོགས་ཀྱི་ལས་རིམ་གཟིགས་ས་ (Speaker’s Gallery) ནང་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་གདན་ཞུས་ཀྱིས་ཨིན་ཡུལ་སྲིད་བློན་མཆོག་གིས་དྲིས་ལན་གྱི་གྲོས་ཚོགས་ལས་རིམ་ཁག་གཟིགས་ཞིབ་དང་། དགོང་དྲོ་ཨིན་ཡུལ་གྱི་སྲིད་དོན་ཚོགས་པ་ཡོངས་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཚོགས་པ་ (All-Party Parliamentary Group (APPG)) ཞེས་པའི་ཚོགས་མི་རྣམས་དང་ལྷན་བོད་དང་། ཧོང་ཀོང་། ཡུ་གུར་སོགས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་ཐོག་ཚོགས་འདུ་ཚོགས་འདུག
ཨིན་ཡུལ་གཞུང་གི་སློབ་སྟོན་པ་མཆོག་དང་ལྷན་མཇལ་འཕྲད་སྐབས། ཨིན་ཡུལ་གཞུང་གི་འཛིན་སྐྱོང་གི་འགྲོ་སྟངས་དང་། དེ་གའི་དབུས་གཞུང་དང་། སི་ཀོཊ་ལེན་ཌི། ཝེལ་སི། བྱང་ཨར་ལེན་ཌི་བཅས་ཀྱི་རང་སྐྱོང་གཞུང་སོ་སོའི་དབར་འབྲེལ་ལམ་གནང་ཕྱོགས་སྐོར། དབུས་སའི་སྲིད་བྱུས་གཅིག་མཚུངས་ཡོང་ཐབས་དང་། རྩོད་རྙོག་སེལ་ཐབས་ཀྱི་ཐབས་ལམ། གཞུང་གི་རིམ་པ་སྟེང་འོག་གི་འཛིན་སྐྱོང་གི་སྒྲོམ་གཞིའི་ནང་མཐུན་ལམ་ཡོང་རྒྱུར་གདོང་ལེན་ཞུ་དགོས་ཁག ཨིན་ཡུལ་གཞུང་གི་ཐོག་ནས་ས་གནས་སྲིད་གཞུང་ཁག་ལ་རང་སྐྱོང་གི་གནས་བབ་ཚགས་ཚུད་བསྐྲུན་པའི་ཐོག་རྒྱལ་ཁབ་གཅིག་གི་མཐུན་སྒྲིལ་རྒྱུན་སྐྱོང་ཡོང་བའི་འགྲོ་ལུགས་སྐོར་སོགས་ཀྱི་ཐོག་གསུངས་འདུག
གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གྲོས་ཚོགས་འཐུས་མི་རྣམས་དང་མཇལ་འཕྲད་སྐབས། རྒྱལ་སྤྱིའི་འབྲེལ་ལམ་ཐོག་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་འགན་འཁྲི་དང་། རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཚོགས་ཆུང་གཞན་ཁག་དང་མཉམ་འབྲེལ་གནང་ཕྱོགས། དེ་བཞིན་རིག་གཞུང་སྲུང་སྐྱོབ་དང་། རང་ཐག་རང་གཅོད་ཀྱི་ཐོབ་ཐང་སོགས་འཛམ་གླིང་སྤྱིའི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་སྐོར། བོད་ཀྱི་གནད་དོན་ཨིན་ཡུལ་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྲིད་བྱུས་ནང་འཇུག་ཐབས་སྐོར་སོགས་ཀྱི་བཀའ་བསྡུར་གནང་འདུག
ཨིན་ཡུལ་གྱི་སྲིད་དོན་ཚོགས་པ་ཡོངས་ལས་གྲུབ་པའི་གྲོས་ཚོགས་ཀྱི་ཚོགས་པ་ (All-Party Parliamentary Group (APPG)) ཞེས་པའི་ཚོགས་མི་རྣམས་དང་མཇལ་འཕྲད་སྐབས། བོད་དོན་ཐོག་རྒྱབ་སྐྱོར་གྱི་མཉམ་ལས་གནང་ཕྱོགས་དང༌། བོད་དོན་ཞུ་སྐུལ་གྱི་ཐབས་ལམ་སྐོར། རྒྱ་དམར་གཅིག་སྡུད་དབང་འཛིན་འོག བོད་མི་དང༌། ཧོང་ཀོང་། ཡུ་གུར་མི་རིགས་བཅས་ཀྱིས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་སྐོར། འགྲོ་བ་མིའི་ཐོབ་ཐང་སྤྱི་དང་། ལྷག་པར་དུ་བོད་དང་། ཧོང་ཀོང་། ཡུ་གུར་བཅས་ཀྱི་ཛ་དྲག་གནས་སྟངས། ཨིན་ཡུལ་གྲོས་ཚོགས་ཀྱི་ཐོག་ནས་ཁྲིམས་བཟོའི་ལས་དོན་དང་། ཞུ་སྐུལ་གྱི་ཐོག་ནས་དེ་འབྲེལ་དཀའ་ངལ་སེལ་ཐབས་ཇི་ཡོད་ཐོག་བཀའ་བསྡུར་གནང་འདུག་པ་བཅས། །