༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༡༩ ཉིན་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྣེ་ཁྲིད་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་ནང་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་སོགས་མཇལ་འཕྲད་ཀྱིས་མུ་མཐུད་ལས་རིམ་སྐྱོང་བཞིན་ཡོད།
དེ་ཡང་ཕྱི་ཚེས་ ༡༩ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཨིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོ་སྐུ་ཞབས་ལེན་ཌི་སི་ ཧོ་ཡེལ་ (Sir Lindsay Hoyle, Speaker of the House of Commons) མཆོག་དང་། ཨིན་ཡུལ་གྲོས་ཚོགས་འོག་མའི་འཐུས་མི་དང་། གུ་ཡངས་མང་གཙོ་སྲིད་དོན་ཚོགས་པའི་མགྲིན་ཚབ་པ་ལྕམ་སྐུ་ཇུ་ལེ་ སི་མིཏ་ (Baroness Julie Smith, Liberal Democrat Spokesperson on Defence (House of Lords) and Member of the Federal Executive Committee) ལགས། གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཌེ་ཝི་ཌི་ ཨལ་ཊོན་ (David Alton, Member of the House of Lords) ལགས། གུ་ཡངས་མང་གཙོ་སྲིད་དོན་ཚོགས་པ་ནས་ཡིན་པ་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་བྷོ་བྷེ་ ཌིན་ (Sir Bobby Dean, Liberal Democrat Member of Parliament) ལགས་བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད་འདུག
མཇལ་འཕྲད་སྐབས། ཨིན་ཡུལ་གྲོས་ཚོགས་ནང་ཁྲིམས་བཟོའི་ལས་དོན་གྱི་བརྒྱུད་རིམ་སྟེ། ཐོག་མར་སྲིད་དོན་ཚོགས་པའི་སྲིད་བྱུས་གཏན་འབེབས་དང་། དེ་ནས་གྲོས་ཚོགས་གོང་མའི་ནང་སྲིད་བྱུས་བསྐྱར་ཞིབ། མཐའ་མ་གྲོས་ཚོགས་གོང་འོག་གཉིས་ཀྱི་ནང་གྲོས་ཆོད་སྙན་སྒྲོན་དང་། བགྲོ་གླེང་། གཏན་འབེབས་གནང་ཕྱོགས་བཅས་ཀྱི་བརྒྱུད་རིམ་ཐོག་ངོ་སྤྲོད་གནང་བ་དང་། དེ་བཞིན་ཨིན་ཡུལ་གྲོས་ཚོགས་འོག་མའི་ཚོགས་གཙོའི་འགན་དབང་བཅས་ཀྱི་ཐོག་རྒྱུས་ལོན་གནང་འདུག
སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས། ད་ལྟའི་རྒྱ་ནག་དམར་གཞུང་འོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་གནས་སྟངས་དང་འབྲེལ་ཏེ། བོད་པའི་སློབ་གྲྭ་ཁག་བཙན་ཤེད་ཐོག་སྒོ་བརྒྱབ་བཅུག་པ་དང་། བོད་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་པ། བོད་མི་རྣམས་ཀྱི་རིགས་རྫས་བསྡུ་ལེན་སོགས་ཀྱི་གནས་སྟངས་གསལ་སྟོན་གྱིས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་གྱིས་བོད་རིགས་རྣམས་རྒྱ་རིགས་ནང་མཉམ་བསྲེས་གཏོང་བཞིན་ཡོད་པའི་སྐོར་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་ཕྱོགས་གཉིས་ཕན་ཚུན་འབྲེལ་མོལ་གནང་རྒྱུ་གལ་ཆེན་པོ་ཡིན་པ། ཨ་རིའི་གཞུང་ནས་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བ་ལྟར་ཨིན་ཡུལ་གྲོས་ཚོགས་ནས་ཀྱང་དེ་ལྟར་ཁྲིམས་ཡིག་གཏན་འབེབས་གནང་སྐྱོང་ཡོང་བའི་སྐོར་སོགས་ཞུས་གནང་འདུག་པ་བཅས། །