༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༡ ཚེས་ ༨ ཉིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་རྒྱ་གར་རྒྱལ་ས་ལྡི་ལིར་བྷི་ཧར་མངའ་སྡེ་དང་། (RJD) སྲིད་དོན་ཚོགས་པ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཨེ་ ཌི་ སིངྒ་ (Shri A. D Singh, Member of Parliament, Rajya Sabha) ལགས་དང་། ཡུ་པི་མངའ་སྡེ་དང་། (Samajwadi Party) སྲིད་དོན་ཚོགས་པ་ནས་ཡིན་པ་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་དྷ་རོ་གྷ་ སཱ་རོ་ཇི་ (Shri Daroga Saroj, Member of Parliament, Lok Sabha) ལགས་རྣམ་གཉིས་དང་། གཞན་མི་སྣ་ཁག་ཅིག་རིམ་པས་མཇལ་འཕྲད་གནང་ཡོད་པ་རེད།མཇལ་འཕྲད་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། བོད་ནང་རྒྱ་ནག་དམར་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་ཐབས་སླད་བཙན་ཤེད་ཐོག་བོད་ཡིག་སློབ་གྲྭ་ཁག་སྒོ་བརྒྱབ་བཅུག་བཞིན་ཡོད་པའི་སྐོར་དང་། བོད་ཕྲུག་རྣམས་རྒྱའི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་འཇུག་གི་ཡོད་སྐོར་གསལ་སྟོན་གྱིས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་གླེང་སློང་སོགས་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུས་པར། ཁོང་རྣམ་པས་རྒྱབ་སྐྱོར་གང་ཐུབ་གནང་རྒྱུའི་ཞལ་བཞེས་གནང་སོང་།གཞན་ཡང་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་གར་གཞུང་མང་གཉིས་ཀྱིས་ད་བར་བོད་ཀྱི་བདེན་དོན་འཐབ་རྩོད་དང་། བོད་མི་རྣམས་ལ་མཐུན་འགྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་སོང་། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་མཉམ་བཅར་ཞུས་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།