༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༣༡ ཉིན་ཁམས་ཀཿཐོག་ས་གནས་འགོ་འཛིན་འདན་མ་ཚང་བསོད་ནམས་དབང་འདུས་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་བསྟན་འཛིན་རིན་ཆེན་ལགས་དབར་རྩིས་སྤྲོད་རྩིས་ལེན་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ཀྱིས་སྤྲོད་དཔང་གཟིགས་ཞིབ་འོག་ས་འགོའི་ཁྱབ་ཁོངས་ཅ་དངོས་ཇི་ཡོད་དང་ཡིག་ཕེལ་རྩིས་སྤྲོད་རྩིས་ལེན་ལེགས་པར་གྲུབ་པ་དང་། དེ་རྗེས་ལས་འཁྱུར་ས་གནས་འགོ་འཛིན་འདན་མ་ཚང་བསོད་ནམས་དབང་འདུས་ལགས་དང་ས་གནས་འགོ་འཛིན་གསར་པ་བསྟན་འཛིན་རིན་ཆེན་ལགས། ས་འཐུས་ཚོགས་གཙོ་ཀུན་དགའ་ཚེ་འཕེལ་ལགས། ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམ་དབྱངས་ལགས་ནས་མང་ཚོགས་འདུ་འཛོམས་ཐོག་མི་མང་ལ་ངོ་སྤྲོད་གསུང་བཤད་གནང་སྟེ་རྩིས་སྤྲོད་རྩིས་ལེན་ལེགས་གྲུབ་བྱུང་ཡོད། །