༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༩ ཉིན་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་གོ་སྒྲིག་འོག་སྦེལ་ཇམ་གནས་སྡོད་བོད་རིགས་གཞོན་སྐྱེས་ཁག་ཅིག་འདུ་བསྐོང་གིས་བོད་དོན་སྐོར་གོ་རྟོགས་སྤེལ་ཡོད།
དེ་ཡང་འདུ་འཛོམས་ཀྱི་ཐོག་མར་སྦེལ་ཇམ་དོན་ཁང་གི་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས་ནས་ཚོགས་བཅར་བ་རྣམས་ལ་ཕེབས་བསུ་དང་སྦྲགས། འདུ་འཛོམས་འདི་ལྟ་བུ་ཞིག་གོ་སྒྲིག་གནང་དགོས་པའི་དམིགས་ཡུལ་འགྲེལ་བརྗོད་གནང་བ་དང་ཆབས་ཅིག བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་ནས་རྗེས་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་གོ་སྟོན་ལོ་འཁོར་མོ་བྱམས་བརྩེའི་ལོ་ཞེས་སྲུང་བརྩི་ཞུ་རྒྱུའི་སྐོར། དེ་བཞིན་བོད་རིགས་གཞོན་སྐྱེས་རྣམས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ལམ་སྟོན་འོག་བོད་དོན་འཐབ་རྩོད་ལ་མཉམ་ཞུགས་དགོས་པའི་འབོད་སྐུལ་གནང་ཡོད།
སྦེལ་ཇམ་དོན་ཁང་གི་དྲུང་ཆེ་འཕྲིན་ལས་དབང་འདུས་ལགས་ནས་རང་ཉིད་ཆུང་དུས་ཀྱི་ཉམས་མྱོང་དང་སྦྱར་བོད་ནང་གི་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་མི་གྲོང་གསེབ་པ་རྣམས་ལ་ཆབ་སྲིད་དྲིལ་བསྒྲགས་ཀྱི་གློག་བརྙན་སོགས་བསྟན་ཏེ། མགོ་སྐོར་གཏོང་གི་ཡོད་ཚུལ་སོགས་ངོ་སྤྲོད་གནང་རྗེས་དོན་ཁང་གི་རྩིས་པ་བསྟན་འཛིན་ནོར་ལྡན་ལགས་ནས་གཞོན་སྐྱེས་རྣམས་ནས་བོད་དོན་འཐབ་རྩོད་ལ་དོ་སྣང་སློབ་སྦྱོང་བྱས་ཏེ། ལས་འགུལ་སྤེལ་དགོས་པ་གསུངས་ཡོད།
དེ་བཞིན་ཇར་མ་ནི་བོད་ཁང་གི་ངེས་སྟོན་པ་བསྟན་འཛིན་ཐོས་བསམ་ལགས་ཀྱིས་དྲྭ་ཐོག་ནས་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོད་མིའི་ངོ་བོ་རྒྱུན་འཛིན་གྱི་གལ་གནད་དང་། བོད་མིའི་བྱམས་དང་བརྩེ་བའི་སྲོལ་རྒྱུན་བཟང་པོ་མི་ཉམས་གོང་འཕེལ་གཏོང་ཐབས་སྐོར་གསུང་བཤད་གནང་། གཞན་ཡང་སྐབས་དེར་ཚོགས་བཅར་བ་སློབ་ཕྲུག་རྣམས་ལ་བོད་དོན་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ (A Liberation that Never Was: 70 Years of Occupation & Repression in Tibet) ཞེས་པ་བསྟན་ཡོད་ལ། གོ་སྐབས་དེ་དང་འབྲེལ་ཏེ་བཙན་བྱོལ་ནང་དུ་སྐྱེས་པའི་གཞོན་སྐྱེས་གཉིས་ཉེ་ལམ་བོད་དུ་བསྐྱོད་པའི་མྱོང་ཚོར་གསུངས་ཡོད་པ་རེད།
མཐར་སྐུ་ཚབ་དོན་ཁང་ནས་གཞོན་སྐྱེས་རྣམས་ལ་བཀའ་ཤག་སྐབས་བཅུ་དྲུག་པའི་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་བགོ་འགྲེམས་གནང་ཡོད་པ་བཅས།།