༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༠༥ ཉིན་སྦེལ་ཇམ་གྱི་གྲོང་ཁྱེར་ཨེནྚ་བེར་པན་དུ་རྟེན་གཞི་བྱས་པའི་ས་སྐྱ་བརྩེ་ཆེན་ཚོགས་པའི་གོ་སྒྲིག་ཞུས་པའི་དཔལ་ས་སྐྱ་༸གོང་ས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་སྲུང་བརྩིའི་མཛད་སྒོར་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་སྐུ་ཚབ་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་ལྷན་ཞུགས་གནང་ཡོད།
དེ་ཡང་མཛད་སྒོའི་ཐོག་མར་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུ་པར་གདན་ཞུ་གནང་རྗེས་སྐུ་མགྲོན་གཙོ་བོ་མེ་ཏོག་རིན་པོ་ཆེ་མཆོག་གིས་ཀེཀ་ཞལ་ཕྱེ་དང་། སྦེལ་ཇམ་ས་སྐྱ་བརྩེ་ཆེན་ཚོགས་པའི་ཚོགས་གཙོས་དཔལ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གི་མཛད་རྣམ་སྒྲོགས་སྦྱང་གནང་། དེ་ནས་སྦེལ་ཇམ་སྐུ་ཚབ་དོན་ཁང་གི་དྲུང་ལས་བསྟན་འཛིན་ནོར་ལྡན་ལགས་ཀྱིས་དཔལ་ས་སྐྱ་༸གོང་ས་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་པ་དང་སྦྲགས། འདི་ཟླའི་ཚེས་ ༠༣ ཉིན་དཔལ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་ལ་སྡེ་ར་ལྡུན་དུ་ས་སྐྱ་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་གང་ཉིད་སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་གནང་ཡོད་པ་གསལ་བཤད་གནང་། དེ་བཞིན་ཁོང་གིས་དཔལ་ས་སྐྱ་༸གོང་མ་རིན་པོ་ཆེ་མཆོག་གིས་བཀའ་གནང་བ་ལྟར་བོད་ཀྱི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་གནང་གལ་དང་། བླ་མ་མཉེས་པའི་མཆོད་པ་ངོ་མ་ནི་སྒྲུབ་པའི་མཆོད་པ་ཡིན་སྐོར་གསུངས།
མཛད་སྒོ་གྲོལ་རྗེས་ཚོགས་བཅར་བ་རྣམས་ནས་རིག་གཞུང་འཁྲབ་སྟོན་དང་བཀྲ་ཤིས་སྒོར་གཞས་ལ་རོལ་ཡོད་པ་བཅས།།