༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེ་སློབ་གྲྭའི་ཡིག་ཚང་ནས་ལྷོ་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་དུ་འབོད་བསྐུལ་ཞུས་པ་བཞིན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༥ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠༌༠༠ ཐོག་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བརྒྱད་པའི་སྤྱི་ཚོགས་ཚན་རིག་གི་སློབ་ཚན་དང་འབྲེལ་ས་གནས་བོད་མིའི་ཁྲིམས་ཞིབ་ཁང་དུ་འཛིན་རིམ་བརྒྱད་པའི་དགེ་ཟླ་བ་དོན་གྲུབ་ལགས་གཙོས་པའི་སློབ་མ་གྲངས་ ༥༤ བཅས་ཤེས་ཡོན་གཟིགས་སྐོར་ཆེད་བཅར་བཞུགས་གནང་འདུག
སྐབས་དེར་ས་གནས་ཁྲིམས་ཞིབ་པ་ཕུན་ཚོགས་དཔལ་ལྡན་ལགས་ནས། ལྷོ་ཕྱོགས་ས་གནས་ཁྲིམས་ཞིབ་ཁང་གི་ངོ་སྤྲོད་དང་། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ། བོད་མིའི་ཁྲིམས་ཞིབ་ཁང་གི་འཕེལ་རིམ་དང་སྒྲོམ་གཞི། ངོ་བོ་དང་འགན་དབང། བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་རྩ་འཛིན་ཁྲིམས་ཡིག་གསུམ་གྱི་ནང་དོན་སྙིང་བསྡུས་ངོ་སྤྲོད། ས་གནས་ཀྱི་གཏུག་བཤེར་ཁང་ངོ་སྤྲོད་མཉམ་དུ་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་གི་གཏུག་བཤེར་གྱི་བྱ་རིམ་དེཔ་མཚོན་དང་སྦྲགས་གོ་རྟོགས་སྤེལ་འདུག་པ་དང་། དེ་མཚུངས་སྐབས་མཚམས་སོ་སོར་སློབ་མ་རྣམས་ཀྱི་དྭོགས་འདྲི་བྱུང་བ་ཁག་ལ་ལན་འདེབས་གསལ་བཤད་གནང་འདུག་པའི་གསར་འགྱུར་དུ། །