༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༡ དང་ ༢༢ བཅས་ཉིན་གྲངས་གཉིས་རིང་རྒྱལ་སྤྱིའི་ནང་པའི་བཙུན་མ་ཉིན་མོ་ཞེས་པའི་དུས་ཆེན་ཚོགས་ཡོད་པ་དང་། སྐབས་དེར་བྱང་ཆུབ་ཆོས་གླིང་དགོན་པའི་བཙུན་མ་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་ལྷོ་སྤྱི་ལས་ཁུངས་ནས་འབོད་སྐུལ་ལྟར་ལྷན་ཞུགས་གནང་ཡོད།
དེ་ཡང་མཛད་སྒོ་དེ་མཱ་ཧཱ་པྲ་ཇཱ་པ་ཏི་ཤེས་ཡོན་བསྟི་གནས་ཁང་གིས་གོ་སྒྲིག་འོག་སྦེང་ལོར་ཨམ་བེཌ་ཀར་ཚོགས་ཁང་དུ་ཚོགས་གནང་ཞིང་། སྐབས་དེར་ཝི་ཡཏ་ནཱམ་དང་། ཤྲི་ལང་ཀཱ། ཐའེ་ལེནྜ། བོད། རྒྱ་གར་བཅས་ནས་ཁྱོན་བསྡོམས་སྐུ་ཚབ་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད།
བཙུན་མ་བསྟན་འཛིན་ཆོས་དབྱངས་ལགས་ཀྱིས་ནང་ཆོས་རྒྱུན་གནས། འཛམ་གླིང་ཞེ་བདེ་བསྐྱུན་པར་ནང་པའི་ལྟ་གྲུབ་དང་། དེང་རབས་ཀྱི་ཤེས་ཡོན་གཉིས་ཀ་གལ་ཆེན་པོ་ཡིན་ཚུལ་སྐོར་དང་། བོད་ཀྱི་བཙུན་མའི་འཕེལ་རིམ། དེ་བཞིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ལ་བརྟེན་ནས་ཁོ་མོའི་ཤེས་ཡོན་གྱི་བརྒྱུད་རིམ་ནང་ཕན་ཐོགས་ཚུལ་སྐོར་གསུང་བཤད་གནང་ཡོད།
དེ་མཚུངས་ཁོང་མོར་རྒྱ་གར་གྱི་བཙུན་མ་རྣམས་ནས་མཐུན་རྐྱེན་དང་རྒྱབ་སྐྱོར་མེད་བཞིན་དུ་ལོ་ངོ་བརྒྱ་ཕྲག་རྗེས་སུའང་ནང་པའི་བཙུན་མའི་གྲངས་འབོར་བསྐྱར་གསོ་ཆེད་དུ་སྐུ་ལས་དང་། ཐུགས་ཁུར་བཞེས་པར་ཡིད་སྨོན་སྐྱེས་པ་མ་ཟད། བོད་པའི་སྤྱི་ཚོགས་ཁྲོད་བཙུན་མར་རྒྱབ་སྐྱོར་དང་། ལོ་ངོ་མང་པོའི་རིང་སློབ་གཉེར་བྱ་རྒྱུའི་གོ་སྐབས་ཡོད་དུས་བོད་པའི་བཙུན་པ་ནས་ནང་ཆོས་ཀྱི་གོ་རྟོགས་སྤེལ་བར་ལས་འགན་ཆེན་པོ་བཞེས་དགོས་པའི་དྲན་སྐུལ་བྱུང་ཡོད་པ་དང་། བོད་པའི་བཙུན་མ་རྣམས་ལ་གཞན་དང་མི་འདྲ་བའི་གོ་སྐབས་ཡོད་པ། དེ་བཞིན་ནང་པའི་བཙུན་མ་རྣམས་ནས་གཅིག་ཕན་གཅིག་གྲོགས་གནང་རྒྱུ་གལ་ཆེན་པོ་ཡིན་པ་དྲན་སྐུལ་བྱུང་ཡོད་པ་བཅས།།