༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ པའི་ཚེས་ ༧ ནས་ ༢༠ བར་ཤྲི་ན་གྷ་དང་། དཀར་འཁྱིལ་ཁུལ། དེ་བཞིན་ལ་དྭགས་སླེ་དང་བྱང་ཐང་འབྲོག་ཁུལ་བཅས་སུ་ཉིན་གྲངས་བཅུ་བཞིའི་རིང་གི་ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་ལེགས་པར་གྲུབ་ཡོད།
དེ་ཡང་བྱང་ཐང་ཁུལ་གྱི་ལས་རིམ་ཁག་གྲུབ་རྗེས། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༨ ཉིན་རྒྱབ་ལ་སྤྱི་ལས་ཁུངས་ཀྱི་ཚོགས་ཁང་ནང་ས་གནས་ཀྱི་ཁྲིམས་ཞིབ་པ་དང་། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་དབུས་པའི་འཐུས་མི་རྣམ་པ། ས་གནས་འགོ་འཛིན་གཙོས་པའི་ཁྱབ་ཁོངས་ཀྱི་ལས་བྱེད་རྣམ་པ། རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་ཚོགས་གཙོས་དབུས་པའི་རྒྱུན་ལས་རྣམ་པ། ས་གནས་འཕྲོད་བསྟེན་གྱི་འགན་འཛིན། ས་གནས་བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན། བོད་ཁྱིམ་སློབ་གྲྭའི་དབུ་འཛིན། མཉམ་འབྲེལ་གྱི་དྲུང་ཆེ། ལ་དྭགས་བསོད་ནམས་གླིང་ཆོས་རིག་ཚོགས་ཆུང་གི་ཚོགས་གཙོ། བརྒྱ་ཤོག་ཁག་གི་བརྒྱ་དཔོན་རྣམ་པ། ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོ། དེ་བཞིན་ཁ་ལོ་བ་ཚོགས་ཆུང་གི་སྐུ་ཚབ་བཅས་ཁྱོན་ས་གནས་ཀྱི་གནད་ཡོད་མི་སྣ་བཞི་བཅུ་ལྷག་མཉམ་ཞུགས་ཐོག་བཞུགས་མོལ་ཚོགས་འདུ་བསྐོངས་ཤིང་། སྐབས་དེར་རྒྱལ་སྤྱིའི་ཐོག་བོད་དོན་ཞུ་གཏུག་གནང་ཕྱོགས་དང་། གཞིས་བཞུགས་བོད་མིའི་གནས་སྟངས་སྐོར། ལ་སྤྱིའི་ཁྱབ་ཁོངས་བོད་མི་ཚོའི་གནས་སྟངས་དང་མ་འོངས་གཞིས་ཆགས་སྲ་བརྟན་ཡོང་ཐབས་སྐོར་ཐབས་ལམ་ཇི་ལྟར་ཡོད་མེད་ཅེས་པའི་བརྗོད་གཞི་ཁག་གཉིས་ཐོག་ནས་གོ་བསྡུར་སྦྱངས་བཤད་དང་། ལན་འདེབས་གསལ་བཤད་ཆུ་ཚོད་གསུམ་ཙམ་རིང་གནང་ཡོད་འདུག
ཕྱི་ཚེས་ ༡༩ ཉིན་གྱི་སྔ་དྲོར་ལ་དྭགས་རྒྱལ་ས་སླེ་རུ་ཡོད་པའི་ཁྲིག་སེ་དགོན་དུ་༧སྐྱབས་རྗེ་ཁྲིག་སེ་རིན་པོ་ཆེ་མཆོག་མཇལ་ཁར་བཅར་ཡོད་ཅིང་། སྤྱི་འཐུས་རྣམ་གཉིས་ནས་རིན་པོ་ཆེ་མཆོག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲན་རྟེན་ཕྱག་རྟགས་ཕུལ་བ་དང་། དེ་བཞིན་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱི་གནས་ཚུལ་རྣམས་སྙན་སེང་ཞུས་པ་དང་སྦྲགས། རིན་པོ་ཆེ་མཆོག་ནས་ད་བར་བོད་མི་བཙན་བྱོལ་བ་རྣམས་ལ་རོགས་འདེགས་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་རྗེས་དགོན་པའི་མདུན་ཁང་དང་། སྲུང་མ་ཁང་། ༧རྒྱལ་བ་བྱམས་པའི་སྐུ་བརྙན་བཅས་ལ་མཇལ་བཅར་ཞུས་རྗེས། དཔེ་དགོན་དགའ་ལྡན་དར་རྒྱས་གླིང་དུ་མཆོད་མཇལ་ཞུས་ཡོད་འདུག
ཉིན་རྒྱབ་ལ་དྭགས་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་བོད་མིའི་བདེ་སྡུག་དང་འབྲེལ་བའི་ཐོག་འགན་བཞེས་མཁན་སྐུ་ཞབས་བཀྲ་ཤིས་རྣམ་རྒྱལ་གཡག་རྫི་ལགས་དང་མཇལ་འཕྲད་གནང་བ་དང་། སྐབས་དེར་སྤྱི་འཐུས་རྣམ་གཉིས་ནས་བྱང་ཐང་འབྲོག་པའི་ཁུལ་དུ་གཟིགས་ཞིབ་གནང་བའི་སྤྱི་ཡོངས་ཀྱི་གནས་ཚུལ་རྣམས་སྙན་སེང་ཞུས་པ་དང་སྦྲགས། སྤྱིར་རྒྱ་གར་གཞུང་ནས་ད་བར་ལ་དྭགས་བྱང་ཐང་ཁུལ་གྱི་བོད་པའི་འབྲོག་པ་རྣམས་ཀྱི་འཚོ་བའི་གནས་སྟངས་ཐད་ལ་མཐུན་འགྱུར་རོགས་རམ་གང་ཙམ་གནང་ཡོད་ཀྱང་། སྤྱི་ཡོངས་ཀྱི་གནས་སྟངས་ཐད། དབུས་བོད་མིའི་སྒྲིག་འཛུགས་དང་། རྒྱ་གར་གཞུང་གཉིས་ཀའི་ཐོག་ནས་ད་དུང་སྔར་ལས་ལྷག་པ་ཤུགས་སྣོན་རྒྱག་དགོས་གལ་སྐོར་གྱི་དགོངས་ཚུལ་དང་རེ་སྐུལ་ཞུས་འདུག
ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ལ་དྭགས་བསོད་ནམས་གླིང་ས་གནས་འགོ་འཛིན་དང་ལས་བྱེད། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་ཁྲིམས་ཞིབ་པ་བཅས་ཀྱིས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་ཕེབས་སྐྱེལ་དང་། གནམ་ཐང་གི་འགན་ཁུར་བ་བསོད་ནམས་ལྷ་མོ་ལགས་དང་། བློ་བཟང་སྙན་གྲགས་ལགས་རྣམ་གྱིས་སྣེ་ལེན་འོག་ལ་དྭགས་རྒྱལ་ས་སླེ་རུ་ཡོད་པའི་བ་ཀུ་ལ་གནམ་ཐང་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཕེབས་འབྱོར་དང་། ཕྱི་ཚེས་ ༢༡ ཉིན་རྒྱལ་ས་ལྡི་ལི་ནས་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཕྱིར་ཕེབས་གནང་སྟེ། ཐེངས་འདིའི་གཞུང་འབྲེལ་ས་བགོས་ཕྱོགས་སྐྱོད་ཀྱི་ལས་རིམ་ཁག་ཡོངས་སུ་གྲུབ་འདུག་པ་བཅས། །