༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༦ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཉེ་ལམ་རྒྱ་གར་བྱང་ཕྱོགས་ཇམྨུ་དང་ཀཤ་མཱིར་དབུས་འཛིན་མངའ་ཁུལ་གྱི་འོས་བསྡུའི་ཁྲོད་སྐུ་ཞབས་ཨོ་མར་ཨབ་དུལ་ལཧ་ (Omar Abdullah) མཆོག་དང་། མཐུན་ཕྱོགས་ཆབ་སྲིད་ཚོགས་པར་རྒྱལ་ཁ་ཐོབ་སྟེ། ཁོང་ཉིད་སྤྱི་ཁྱབ་བློན་ཆེན་དུ་བསྐོ་བཞག་བྱུང་བར་འཚམས་འདྲི་མཛད་ཡོད།
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ངོས་ཀྱིས་དེ་སྔོན་ཞུས་ཟིན་པ་ལྟར། སྐུ་ཞབས་ཤེཀ་ཨབ་དུལ་ལཧ་ (Sheikh Abdullah) མཆོག་ནས་བཟུང་སྐུ་ཉིད་བར་སྐུ་ཉིད་ཀྱི་ཁྱིམ་ཚང་གི་མི་ཐོག་གསུམ་ངས་ངོ་ཤེས་ཀྱི་ཡོད་ལ། ང་ཚོའི་བར་གྱི་མཛའ་འབྲེལ་ལ་ངས་གཙིགས་ཆེར་བཟུང་གི་ཡོད།
སྐུ་ཉིད་ནས་འབྱུང་འགྱུར་ཇམྨུ་དང་ཀཤ་མཱིར་དབུས་འཛིན་མངའ་ཁུལ་མི་མང་གི་རེ་བ་དང་མངོན་འདོད་འགྲུབ་ཆེད་གདོང་ལེན་བྱ་དགོས་རིགས་དང་། གོ་སྐབས་དམ་འཛིན་གནང་རྒྱུར་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་བཀའ་སྩལ་ཡོད་པ་བཅས། །