༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༢ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༢༤ ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་འཐོབ་མཁན་ཉི་འོང་གི་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་ལ་དགག་པ་བྱེད་མཁན་ནི་ཧོན་ཧི་དན་ཀྱོ་ (Nihon Hidankyo) ཚོགས་པའི་ཟུང་སྦྲེལ་ཚོགས་གཙོ་ཏེ་རུ་མི་ཏ་ན་ཀ་ (Terumi Tanaka) ལགས་དང་། ཤི་གེ་མི་ཚུ་ཏ་ན་ཀ་ (Shigemitsu Tanaka) ལགས། ཏོ་ཤི་ཡུ་ཀི་མི་མ་ཀི་ (Toshiyuki Mimaki) ལགས་གསུམ་ལ་འཚམས་འདྲི་མཛད་ཡོད།
དེ་ཡང་འཚམས་འཕྲིན་ནང་མགོན་པོ་མཆོག་གིས། ངོས་རང་ཉི་འོང་དུ་བསྐྱོད་སྐབས་ཁྱེད་རྣམ་པ་འགའ་ཤས་དང་མཇལ་རྒྱུའི་གོ་སྐབས་བྱུང་ལ། རྣམ་པ་ཚོའི་ཕྱག་ལས་ལ་ངོས་ནས་བསྔགས་བརྗོད་ཞུ་གི་ཡོད། ངས་ནོར་ཝེ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༢༤ ལོའི་ནོ་ཝེལ་ཞི་བདེའི་གཟེངས་རྟགས་དེ་རྡུལ་ཕྲན་མཚོན་ཆ་མེད་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་འབད་བརྩོན་དང་། དཔང་རྟགས་བརྒྱུད་ནས་རྡུལ་ཕྲན་མཚོན་ཆ་ནམ་ཡང་བེད་སྤྱོད་བྱེད་མི་རུང་བ་སྟོན་མཁན་ཉི་འོང་གི་ནི་ཧོན་ཧི་དན་ཀྱོ་ཚོགས་པར་གནང་བར་བསྔགས་བརྗོད་ཞུ་རྒྱུ་ཡིན།
ངོས་ནས་ཧི་རོ་ཤི་མ་དང་ན་ག་ས་ཀི་གཉིས་ཀར་ལྟ་སྐོར་བྱས་མྱོང་བས། ངས་དམིགས་བསལ་གྱིས་རྡུལ་ཕྲན་འབར་རྫས་ཀྱི་གནོད་འཚེ་ལས་ཐར་མཁན་ཚོས་ཚད་ལས་འདས་པའི་སྡུག་བསྔལ་མྱངས་པ་དེ་ཚོར་ཐུབ་ཀྱི་འདུག ཚོགས་པ་འདི་འཛུགས་མཁན་རྣམས་རྡུལ་ཕྲན་འབར་རྫས་ཀྱི་འཇིགས་པ་ལས་ཐར་ནས་གསོན་པོར་གནས་ཐུབ་མཁན་ཚོ་ཡིན་དུས། ཚོགས་པ་འདིས་ཉེན་ཁ་ཆེ་བའི་མཚོན་ཆ་འདི་རིགས་མེད་པ་བཟོ་དགོས་པའི་དགོས་མཁོ་དེ་ཤུགས་ཆེན་པོ་མཚོན་ཐུབ།
ངོས་རང་འཛམ་གླིང་ཡོངས་ཀྱི་རྡུལ་ཕྲན་མཚོན་ཆ་ཡོངས་རྫོགས་མེད་པ་བཟོ་རྒྱུ་དང་། དམག་གི་ནུས་པ་ཉུང་དུ་གཏོང་རྒྱུར་ལྷག་བསམ་རྣམ་དག་གིས་འབད་བརྩོན་བྱེད་མཁན་ཞིག་ཡིན་པའི་ཆ་ནས། གཟེངས་རྟགས་འདི་ལ་བརྟེན་ནས་མཉམ་འབྲེལ་རྒྱལ་ཚོགས་དང་། དེའི་ཁོངས་གཏོགས་རྒྱལ་ཁབ་ཐེ་བའི་ང་ཚོ་ཚང་མས་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་མེད་པ་བཟོ་རྒྱུར་དངོས་གནས་དྲང་གནས་ཀྱི་མཉམ་རུབ་འབད་བརྩོན་བྱ་རྒྱུ་དང་། དེའི་ཆེད་དུ་རང་ངོས་ནས་ཧུར་ཐག་བྱེད་རྒྱུར་སེམས་འགུལ་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད། ཅེས་དང་།
མཐར་མགོན་པོ་མཆོག་གིས། ང་ཚོ་འགྲོ་བ་མིས་དེང་སང་གི་འཛམ་གླིང་འདིའི་ནང་དཀའ་ངལ་མང་པོ་ཞིག་བཟོས་ཡོད། ང་ཚོ་ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པས། ང་ཚོས་ཁོང་ཁྲོ་དང་ཞེ་སྡང་ལྟ་བུའི་གནོད་པ་ཆེ་བའི་སེམས་ཚོར་ངན་པ་རྣམས་ལས་རྣམ་པར་རྒྱལ་ཐབས་བྱེད་དགོས་ལ། འགྲོ་བ་མིའི་རིགས་གཅིག་གྱུར་ལ་ངོས་འཛིན་བྱེད་དགོས། ང་ཚོས་སྨོན་ལམ་བརྒྱབ་པ་ཙམ་གྱིས་ཞི་བདེ་འགྲུབ་རྒྱུ་མིན་པ་ཤེས་པ་བྱ་རྒྱུ་གལ་ཆེན་པོ་ཡིན། ང་ཚོས་ངེས་པར་དུ་ལག་ལེན་བསྟར་དགོས། ཞེས་བཀའ་སྩལ་ཡོད་པ་བཅས།།