༄༅། །འདི་ལོར་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུར་ཕེབས་པའི་གོ་སྟོན་དང་བསྟུན། བལ་ཡུལ་ཇ་ཝ་ལ་ཁེལ་བསམ་གྲུབ་གླིང་བོད་མིའི་གཞིས་ཆགས་ནས་ཉེ་ལམ་བལ་ཡུལ་ནང་དུ་ཆུ་རུད་ཀྱི་གནོད་སྐྱོན་འཕོག་མཁན་མི་གྲངས་ ༦༠༠ ཙམ་ལ་ངལ་སེལ་བཟའ་བཅའ་དང་། འཐུང་ཆུ། གྱོན་ཆས་མཁོ་སྤྲོད་ཀྱིས་རོགས་རམ་གནང་ཡོད།
དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༠༢ རེས་གཟའ་ལྷག་པ་སྟེ་༸རྒྱལ་བའི་བླ་གཟའ་ལྷག་དཀར་དགེ་བའི་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་དང་། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ལམ་སྟོན་འོག་རྣམ་དཀར་ལས་གཞི་དེ་ཉིད་བརྩམས་ཡོད་པ་དང་། དགེ་བའི་ལས་དེའི་མཐུ་ལ་བརྟེན་ནས་བྱུང་བའི་བསོད་ནམས་ཇི་བསགས་༸མགོན་པོ་མཆོག་སྐུ་ཚེ་ཡུན་རིང་བརྟན་པའི་ཆེད་དུ་བསྔོ་སྨོན་བཏབ་ཡོད།
སྤྱིར་ཉེ་ལམ་བལ་ཡུལ་ནང་དུ་ཆར་ཞོད་རྒྱུན་རིང་བབས་རྐྱེན་ས་ཁུལ་མང་དག་ཅིག་ཏུ་ཆུ་རུད་དང་ས་རུད་ཀྱི་གོད་ཆག་མང་དག་ཅིག་བྱུང་ཡོད་པ་དང་། དེའི་ཁྲོད་མི་གྲངས་ ༢༣༩ རྐྱེན་འདས་དང་། མི་གྲངས་ ༡༩ གར་སོང་ཆ་མེད་དུ་གྱུར་ཡོད་ལ། མི་གྲངས་ ༡༧༧ ལ་རྨས་སྐྱོན་ཕོག་ཡོད་པ་བཅས།།