༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལོ་དུས་གསུམ་པའི་རྒྱུན་ལས་སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་དང་། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་ལགས་རྣམ་གཉིས་རྒྱུན་ལས་ནས་ལས་འཁྱུར་གནང་བར། དེ་རིང་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཇ་སྟོན་ཞིག་གོ་སྒྲིག་ཞུས་གནང་ཡོད།
དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༣།༠༠ པའི་ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། སྤྱི་འཐུས་རྣམ་པ་གཉིས་ནས་རྒྱུན་ལས་གནང་སྐབས་འགན་ཁུར་ལྷག་བསམ་ཧུར་བསྐྱེད་གནང་སོང་བས། དེར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
མ་འོངས་པར་ང་ཚོ་མུ་མཐུད་ལོ་གཉིས་ཙམ་རིང་ལས་ཀ་མཉམ་དུ་བྱ་རྒྱུའི་གོ་སྐབས་ཡོད་རེད་ཅེས་གསུངས་གྲུབ་མཚམས། རྒྱུན་ལས་ལས་འཁྱུར་རྣམས་ལ་དགའ་སྐྱེལ་མཇལ་དར་ཕུལ་གནང་ཡོད་པ་བཅས། །