༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༨ ནས་ ༡༣ བར་ཉིན་དྲུག་རིང་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་རྒྱ་གར་གྱི་མཧཱ་རཱཥཊྲ་མངའ་སྡེའི་པན་ཇི་གྷ་ནི་(Panchgani) གྲོང་སྡེའི་ནང་རྟེན་གཞི་བྱས་པའི་འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་ (Initiatives of Change) ཞེས་པའི་ནང་བོད་མིའི་སྒྲིག་འཛུགས་ཀྱི་དྲུང་གཞོན་དང་དྲུང་ལས་ཁག་ཅིག་ལ་འགོ་ཁྲིད་ཟབ་སྦྱོང་ (Heart of Effective Leadership) གནང་ཡོད།
དེ་ཡང་ཉིན་གྲངས་དྲུག་རིང་གི་ཟབ་སྦྱོང་ནང་སེམས་ཀྱི་ཡར་རྒྱས་དང་། ངལ་གསོའི་ནུས་པ། སྤྱི་ཚོགས་ཀྱི་འགྲོ་ལུགས། གཤིས་རྒྱུད་ལ་གཞིགས་པའི་འགོ་ཁྲིད་ལ་སོགས་པའི་བརྗོད་གཞིའི་ཐོག་ཟབ་ཁྲིད་གནང་ཡོད། ཟབ་སྦྱོང་ཀྱི་དགོས་དམིགས་གཙོ་བོ་ནི། སྤྱི་ཚོགས་དང་ཚོགས་པ་ཞིག་ལ་བཟང་ཕྱོགས་ཀྱི་འགྱུར་བ་གཏོང་བར་ཐོག་མར་རང་ཉིད་ནས་འགྱུར་བ་གཏོང་དགོས་གལ་སྐོར་ཡིན། འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་གི་དམིགས་ཡུལ་གཙོ་བོ་ནི། མི་སྒེར་དང་སྤྱི་ཚོགས་ཀྱི་འབྲེལ་བ་གལ་ཆེན་དེ་གཙོ་བོར་བཟུང་སྟེ་མི་རྣམས་ལ་སྤྱི་ཚོགས་ཡར་རྒྱས་གཏོང་བར་སེམས་ཤུགས་དང་རྒྱབ་སྐྱོར་གནང་གི་ཡོད་པ་རེད།
ཟབ་སྦྱོང་སྐབས་མཉམ་ཞུགས་པ་རྣམས་ལ་དྲང་བདེན་དང་། རང་འདོད་མེད་པ། བརྩེ་བ། སྐྱོན་བྲལ་གྱི་རང་བཞིན་བཅས་བཟང་སྤྱོད་ཀྱི་ཚད་གཞི་བཞི་བཅས་རང་ཉིད་ཀྱི་མི་ཚེའི་བརྒྱུད་ལམ་ནང་དེ་དག་ལས་བརྒལ་ཡོད་མེད་ཐོག་བསམ་ཞིབ་བྱ་རྒྱུའི་གོ་སྐབས་གནང་ཡོད། ཚོགས་ཐེངས་འདི་ཡིས་རང་ཉིད་ཀྱི་འབྲེལ་བ་ཞིག་དང་། མ་འོངས་མི་ཚེ་དོན་དང་ལྡན་པ་ཞིག་སྐྱེལ་བར་སེམས་སྐུལ་གནང་ཡོད། དེ་བཞིན་ཚོགས་ཐེངས་གཞན་ཞིག་གི་ནང་མཉམ་ཞུགས་པ་རྣམས་ལ་སྡེ་ཚན་ཁག་ཏུ་བགོས་ཏེ་མི་སྒེར་གྱི་ལོ་རྒྱུས་དང་མྱོང་ཚོར་སོགས་བརྗེས་རེས་བྱས་ཏེ་ནང་མི་ལྟ་བུའི་ཁོར་ཡུག་ཞིག་བསྐྲུན་ཡོད། སྐབས་དེར་མཉམ་ཞུགས་པ་རྣམས་ནས་རང་ཉིད་ཀྱི་སེམས་འཚབ་དང་། ཚོར་བ། དཀའ་ངལ་ལ་སོགས་པ་ཕན་ཚུན་བཤད་པ་མ་ཟད། ཕན་ཚུན་གྱི་ཉམས་མྱོང་ལས་བློ་སྐྱེད་བླངས་པ་དང་། ནང་མི་ལྟ་བུའི་འབྲེལ་བ་བསྐྲུན་ཐུབ་པ་བྱུང་ཡོད།གཞན་ཡང་མཉམ་ཞུགས་པ་རྣམས་ནས་ (sunrise) ཞེས་པའི་ཡང་ལཱ་བཟོ་གྲྭར་ལྟ་སྐོར་ཕེབས་ཡོད་པ་དང་། བཟོ་གྲྭ་དེའི་སྦྱིན་བདག་ནི་རྒྱལ་ཡོངས་སྲིད་འཛིན་གཟེངས་རྟགས་ཐེངས་གསུམ་ཐོབ་མཁན་མིག་སྐྱོན་ཅན་ཞིག་ཡིན་པ་མ་ཟད། ཁོང་གིས་མིག་སྐྱོན་ཅན་ཚོར་ལས་ཀ་གནང་སྟེ་ཡང་ལཱ་དང་། ཡང་ལཱའི་སྐུ་རིགས་བཟོ་ཡི་ཡོད་པ་རེད། དེ་ནས་གྲོང་གསེབ་འགྱུར་བ་གཏོང་རྒྱུའི་ལས་གཞི་གྷ་རམ་པ་རིར་ལྟ་སྐོར་ཕེབས། ལས་གཞི་དེའི་ནང་གྲོང་གསེབ་ཀྱི་བྱིས་པ་ཚོར་སློབ་སྦྱོང་དང་། བུད་མེད་རྣམས་ལ་རང་ཉིད་དང་རང་གི་སྤྱི་ཚོགས་ལ་ཕན་ཐོགས་པའི་ནུས་སྟོབས་སོགས་སྤེལ་གྱི་ཡོད། དེ་དག་ལས་མཉམ་ཞུགས་པ་རྣམས་ལ་སེམས་ཤུགས་དང་མཐོང་རྒྱ་ཡངས་པོ་ཐོབ་ཡོད།
ཟབ་སྦྱོང་གི་མཇུག་སྡོམ་མཛད་སྒོར་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས་ཀྱིས་ཟབ་སྦྱོང་དེས་ང་ཚོའི་སྲོལ་རྒྱུན་གྱི་བཟང་སྤྱོད་དང་ལམ་ལུགས་ལ་ཤུགས་སྣོན་རྒྱག་གི་ཡོད་པ་དང་། ཡོང་འགྱུར་བོད་ཀྱི་སྐད་ཡིག་ཐོག་ནས་ཀྱང་དེ་ལྟ་བུའི་ལས་གཞི་སྤེལ་ཐུབ་ན་ཟབ་ཁྲིད་ཆེད་མཁས་པ་རྣམས་ལ་ལམ་སྟོན་ཐོབ་ཐབས་བྱ་རྒྱུ་ཡིན་ཞེས་གསུངས། དེ་མཚུངས་ཁོང་གིས་འགོ་ཁྲིད་སྦྱོང་བརྡར་བསྟི་གནས་ཁང་དང་། ཟབ་ཁྲིད་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་བཅས།།