༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༨ ཉིན་གྱི་སྔ་དྲོ་རྒྱ་གར་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གཞུང་ཚབ་ཁང་གི་ལས་བྱེད་ཇེམ་སི་ པལ་མན་ (James Plasman, First Secretary) ལགས་དང་། མེཀ་ ཁེ་རེ་མར་ (Mike Cramer, Political Officer) ལགས། ཨཇེ་ དྷ་ཡལ་ (Ajay Dayal, Political Specialist) ལགས་བཅས་ལས་གྲུབ་པའི་ཨ་རིའི་གཞུང་ཚབ་ཁང་གི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་སོང་།
དེ་ཡང་ཐོག་མར་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་རྣམ་པ་གཟིགས་སྐོར་སྣེ་ཁྲིད་དང་སྦྲགས། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་མང་གཙོའི་ཐོག་བསྐྱོད་རྒྱུའི་དགོངས་གཞི་དང་། མགོན་པོ་གང་ཉིད་ཀྱི་བཀའ་སློབ་ལམ་སྟོན་འོག ཕྱི་ལོ་ ༡༩༦༠ ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་དང་པོས་དམ་འབུལ་ཞུས་པ་དང་། ༡༩༦༤ ལོར་བུད་མེད་ཀྱི་སྐུ་ཚབ་ངེས་པར་དུ་ཡོང་རྒྱུའི་ཆ་རྐྱེན་བསྐྲུན་པ། ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ། ༢༠༡༡ ལོར་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་པའི་དབུ་ཁྲིད་རྣམས་ལ་རྩིས་སྤྲོད་གནང་བ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་ལ་ཞིབ་ཕྲ་ངོ་སྤྲོད་དང་། དེ་བཞིན་ད་ལྟའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། གྲོས་ཚོགས་ཚོགས་དུས་གཉིས་དང་། ས་བགོས་ཕྱོགས་བསྐྱོད། བོད་དོན་ཞུ་སྐུལ་གྱི་ལས་རིམ་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་དོན་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།
དེ་རྗེས་ཚོགས་གཙོའི་ལས་ཁུངས་སུ་སྐུ་མགྲོན་རྣམས་དང་ལྷན་མཇལ་མོལ་གནང་ཞིང་། དེའི་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཨ་རིའི་གཞུང་དང་། གྲོས་ཚོགས། མི་མང་བཅས་ནས་བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། རྒྱ་དམར་གཞུང་གིས་བོད་ནང་གི་སློབ་ཕྲུག་རྣམས་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་ནས་བོད་རིགས་རྒྱ་རིགས་སུ་བསྒྱུར་རྒྱུའི་སྲིད་བྱུས་འཛིན་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། ལྷག་པར་དུ་མཐོ་སྒང་བོད་ཀྱི་ཁོར་ཡུག་དང་། བོད་ནས་བབས་པའི་རྒྱུགས་ཆུ་ཁག་གིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཇི་ཙམ་གལ་གནད་ཆགས་ཀྱི་ཡོད་པའི་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།
མཇལ་འཕྲད་སྐབས་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་མཉམ་བཅར་ཞུས་འདུག་པ་བཅས། །