༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༩ ཚེས་ ༢༨ དགོང་མོ་ཆབ་སྲིད་བཙོན་ཟུར་ཐུབ་བསྟན་ཡེ་ཤེས་ལགས་ལྷ་སར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག
ཁོང་ནི་ཕྱི་ལོ་ ༡༩༥༠ ལོར་མལ་དྲོ་གུང་དཀར་རྫོང་ཁོངས་རྒྱ་མ་མདའ་ཤར་ལ་འཁྲུངས་ཤིང་། རང་ལོ་བརྒྱད་ནས་བཅུ་བཞི་བར་སློབ་ཆུང་འགྲིམས། དེ་རྗེས་ནང་དུ་ཞིང་ལས་བྱས་ནས་བསྡད། ཕྱི་ལོ་ ༡༩༩༢ ཟླ་བ་ ༦ ཚེས་ ༡༢ ཉིན་མལ་དྲོ་རྒྱ་མར་ལས་དོན་ཚོགས་ཆུང་ཟེར་བས་རྒྱ་མ་གྲོང་བརྡལ་ནང་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་ལས་འགུལ་ཕྱོགས་བསྡོམས་དང་ལས་བྱེད་འདེམས་བསྐོའི་ཚོགས་ཆེན་ཟེར་བ་འགོ་བཙུགས་པ་དང་བསྟུན་ཁོང་དང་རོགས་པ་བཞིས་ཚོགས་ཆེན་དུ་བསྐྱོད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ནས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཡིན། རྒྱ་དམར་བོད་ནས་ཕྱིར་ཐོན་དགོས། ༸གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་སོགས་ཀྱི་འབོད་སྒྲ་བསྒྲགས་པར་བརྟེན་ཁོང་རྣམས་འཛིན་བཟུང་བྱས། ལྷ་ས་གྲོང་འཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་མི་ལོ་ ༡༥ བཙོན་བཅུག་ཁྲིམས་བཅད་ཀྱིས་གྲྭ་བཞི་བཙོན་ཁང་དུ་ཕྱི་ལོ་ ༢༠༠༧ ཟླ་ ༦ པའི་བར་བཙོན་བཅུག་བྱས་ཡོད།
དམ་པ་ཁོང་གི་ཤུལ་ལུས་ནང་མི་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱེ་བ་ནས་ཚེ་རབས་ཀུན་ཏུ་འཕགས་མཆོག་ཕྱག་ན་པདྨོས་རྗེས་སུ་འཛིན་པའི་ཐུགས་སྨོན་སྐྱབས་འཇུག་ཞུ། །