༄༅། །འདི་གར་སུད་སི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་བོད། ཐེ་ཝན། ཧོང་ཀོང་། ཤར་ཏུ་ཀིས་ཐན། སོག་པོ་དང་རྒྱ་རིགས་མཉམ་འབྲེལ་ཐོག་རྒྱ་ནག་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་ཏེ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ངོ་ ༧༥ དང་རྒྱ་ནག་གི་མང་གཙོ་བགྲོ་གླེང་ཚོགས་འདུར་མཉམ་ཞུགས་གནང་བ་མ་ཟད། ཚོགས་འདུའི་དབུ་འབྱེད་མཛད་སྒོར་གསུང་བཤད་དང་། དེ་བཞིན་ཚོགས་འདུ་དངོས་གཞི་སྐབས་སུ་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་བའི་ལོ་ངོ་ ༧༥ ཟེར་བའི་བརྗོད་གཞི་ཐོག་རྒྱ་ནག་གཞུང་གིས་བོད་མི་རིགས་དང་རིག་གཞུང་རྩ་མེད་བཟོ་བའི་སྲིད་བྱུས་སྤེལ་བ་ངོ་སྤྲོད་བྱས་ཡོད་པ་རེད།ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་ཆུ་ཚོད་ ༩།༣༠ ཐོག་བོད། ཐེ་ཝན། ཧོང་ཀོང་། ཤར་ཏུ་ཀིས་ཐན། སོག་པོ་དང་རྒྱ་རིགས་མཉམ་འབྲེལ་ཐོག་རྒྱ་ནག་སྲིད་དབང་སྒེར་འཛིན་ལ་ངོ་རྒོལ་ཏེ། ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་དམར་གཞུང་བཙུགས་ནས་ལོ་ངོ་ ༧༥ དང་། རྒྱ་ནག་གི་མང་གཙོ་བགྲོ་གླེང་ཚོགས་འདུ་ཇར་མན་ནིའི་རྒྱལ་ས་སྤར་ལིན་དུ་ཚོགས་ཡོད་པ་དང་། སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ཚོགས་འདུའི་ནང་མཉམ་ཞུགས་གནང་ཡོད། བགྲོ་གླེང་ཚོགས་འདུ་དངོས་དང་དྲ་ལམ་ཚོགས་འདུ་ཞེས་པའི་སྡེ་ཚན་གཉིས་སུ་དབྱེ་ཡོད། ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་ཚོགས་འདུ་དངོས་སུ་མཉམ་ཞུགས་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དྲ་ལམ་ཚོགས་འདུར་མཉམ་ཞུགས་གནང་ནས་གསུང་བཤད་གནང་ཡོད།ཚོགས་འདུའི་དབུ་འབྱེད་མཛད་སྒོ་སྐབས་སུ་སྤར་ལིན་དུ་བཞུགས་པའི་ཐེ་ཝན་དོན་གཅོད་ཁང་གི་དོན་གཅོད་པ་སྐུ་ཞབས་ཞེ་ཀྲི་ཝེ་(Dr.Jhy-Wey Sheh) ལགས་ཀྱིས་གསུང་བཤད་གནང་། ཁོང་གིས་ད་ལྟའི་རྒྱལ་སྤྱིའི་གནས་སྟངས་འགྱུར་བ་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར་རྒྱ་ནག་དམར་གཞུང་འགྱུར་བ་གཏོང་བར་ནུས་པ་ལྡན་པ་ནི་ང་ཚོ་འདི་བཞུགས་ཀྱི་ཚོགས་སྡེ་ཁག་མཉམ་འབྲེལ་བྱ་རྒྱུ་དེ་རེད།དེ་བཞིན་བོད་དང་སོག་པོ། ཤར་ཏུ་ཀིས་ཐན་སོགས་ནས་ད་དབར་དུ་ཐེ་ཝན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་འདི་ལྟ་བུའི་ཚོགས་འདུ་ཚོགས་དགོས་པ་དང་དེ་ལས་གལ་ཆེ་བ་ནི་མཉམ་ལས་བྱ་རྒྱུ་དེ་ཡིན་ཟེར།
ཚོགས་འདུའི་དབུ་འབྱེད་མཛད་སྒོའི་སྐབས་སུ་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ནས། འདི་ལྟ་བུའི་མི་རིགས་སོ་སོའི་ཚོགས་སྡེ་མཉམ་འབྲེལ་གྱི་དགོངས་པ་དང་ལག་བསྟར་དངོས་སུ་བྱེད་མཁན་དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས་གཙོ་བོ་ཡིན་པའི་བཙན་བྱོལ་ནང་གི་བོད་རིགས་རེད། དུས་རབས་སྔོན་མའི་ནང་དུ་བཙན་བྱོལ་གཞུང་དང་ཚོགས་སྡེ་ཁག་ནས་སོག་པོ་དངཤར་ཏུ་ཀིས་ཐན། རྒྱ་རིགས་བཙན་བྱོལ་བ་རྣམས་ལ་འབྲེལ་བ་གནང་ཡོད་པ་མ་ཟད། ཚོགས་འདུ་ཡང་མང་པོ་ཚོགས་ཡོད་པ་རེད། དེ་བས་ང་ཚོ་ལམ་ཀ་རིང་པོ་ཞིག་བརྒྱུད་ནས་ཡོང་པ་རེད། ད་ལྟའི་དུས་སྐབས་སུ་མཉམ་ལས་དོན་དང་ལྡན་པ་བྱ་དགོས་པ་གལ་ཆེན་པོ་རེད། དེ་བཞིན་ད་རེས་ཚོགས་འདུ་ནང་དུ་བོད་དང་སོག་པོ། ཧོང་ཀོང་། རྒྱ་རིགས་ཤར་ཏུ་ཀིས་ཐན་སོགས་ཀྱི་སྐུ་ཚབ་ཡོད་རུང་། རྒྱ་རིགས་མི་རབས་གསར་པ་ཤོག་བུ་དཀར་པོའི་ལས་འགུལ་བ་མཉམ་ཞུགས་བྱས་མེད་པ་ནི་མ་འདང་ས་རེད་ཟེར།
སྔ་དྲོའི་ཚོགས་འདུ་སྐབས་སུ་ཡུ་རོབ་རྒྱ་རིགས་འབྲེལ་མཐུད་པ་སངས་རྒྱས་སྐྱབས་ལགས་ནས་བོད་ཀྱི་རིག་གནས་རྩ་མེད་བཟོ་བཞིན་པའི་ལོ་ངོ་༧༥ ཟེར་བའི་བརྗོད་གཞི་ཐོག་གསུང་བཤད་གནང་ཡོད། ཁོས་གསུང་བཤད་ནང་དུས་རིམ་བཞིའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་རྩ་མེད་བཟོ་བའི་སྲིད་བྱུས་གང་སྤེལ་བ་ངོ་སྤྲོད་གནང་ཡོད། དང་པོ། ཕྱི་ལོ་ ༡༩༤༩ ནས་ ༡༩༦༥ ལོ་བར། དུས་ཡུན་དེ་ནང་དུ་རྒྱ་ནག་གིས་བོད་དུ་བཙན་མཛུལ་དང་ཆབ་སྲིད་ལས་འགུལ་རབས་དང་རིམ་པ་སྤེལ་བ། མང་གཙོ་བཅོས་བསྒྱུར། ངོ་ལོག་ཞི་འཇགས། ངོ་ལོག་སྔོན་འགོག་དང་སྤྱི་ཁང་འཛུགས་པ་སོགས་ཀྱི་ལས་འགུལ་སྤེལ་ནས་བོད་མི་འབུམ་ཕྲག་དམར་གསོད་དང་བཙོན་འཇུག་བྱས་པ། ལྟོགས་ཤི་ཐེབས་པ། བོད་ཀྱི་དགོན་སྡེ་མང་ཆེ་བ་སྐབས་དེར་རྩ་མེད་བཏང་ཟིན་པའི་སྐོར། གཉིས་པ། ཕྱི་ལོ་ ༡༩༦༦ ནས་ ༡༩༧༦ ལོ་བར་རྒྱ་ནག་གཞུང་གིས་ལོ་བཅུའི་རིག་གནས་གསར་བརྗེ་ཟེར་བ་སྤེལ་ནས་དེ་སྔོན་གཏོར་མེད་པའི་དགོན་སྡེ་རྣམས་རྩ་གཏོར་བཏང་བ་། གསུམ་པ། ཕྱི་ལོ་༡༩༨༠ ནས་ ༢༠༡༢ ལོ་རྒྱ་འགྱུར་སློབ་གསོ་དང་བོད་ཀྱི་སྐད་ཡིག་ལ་རྡུང་རྡེག རྒྱ་ནག་པ་གནས་སྤོར། རྒྱ་ནག་ཏུ་སློབ་གྲྭ་འདྲ་མིན་བཙུགས་ནས་བོད་ཀྱི་སློབ་ཕྲུག་སྟོང་ཕྲག་མང་པོར་རྒྱ་འགྱུར་གྱི་སྲིད་བྱུས་ལག་བསྟར། དེ་བས་བོད་མིས་ངོ་རྒོལ་ཆེན་མོ་ཕྱི་ལོ་ ༢༠༠༨ བྱུང་བ་དང་། དེར་རྒྱ་ནག་གཞུང་གིས་ཁྲག་དྲི་དྲོ་བའི་དྲག་གནོན་བྱས་པ། དེ་བས་བོད་མི་བརྒྱ་དང་ལྔ་བཅུ་ལྔ་བདུན་ལྷག་གིས་རང་ལུས་མེར་སྲེག་བཏང་ཡོད་པ། བཞི་བ། ཞི་ཅིན་ཕན་གྱི་དུས་སྐབས། བོད་ཀྱི་སློབ་ཕྲུག་ས་ཡ་གཅིག་བཅའ་སྡོད་སློབ་གྲྭ་རུ་རྒྱ་བསྒྱུར་བྱེད་བཞིན་པ་དང་། བོད་པ་གཞོན་སྐྱེས་འབུམ་གཅིག་ལ་ཟབ་སྦྱོང་གི་མིང་ཐོག་ནས་རྒྱ་བསྒྱུར་བྱེད་བཞིན་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་བ། ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་སྲ་བརྟན་བཟོས་པ། མི་རིགས་མཉམ་འདྲེས་ལས་འགུལ་སྤེལ་བ། ལྔ་བ། རྒྱ་ནག་གི་བོད་ཀྱི་རིག་གནས་རྩ་མེད་བཟོ་བའི་སྲིད་བྱུས་ནུབ་ཕྱོགས་རྒྱལ་ཁབ་དུ་སྤེལ་བཞིན་པ། ཕ་རན་སིའི་རྒྱལ་ས་པེ་རི་སི་ ( Paris) འགྲེམས་སྟོན་ཁང་དུ་བོད་ཟེར་བ་ཞི་ཙང་དུ་བསྒྱུར་བ། གང་ལྟར་ལོ་ངོ་ ༧༥ ནང་དུ་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ཀྱི་ཚེས་སྲོག་ཤོར་ཡོད་པ་དང་། བོད་ཀྱི་དགོན་སྡེ་དྲུག་སྟོང་སོགས་རྩ་གཏོང་ཡོད་པ་སོགས་ངོ་སྤྲོད་གནང་།
ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་གྱི་ཚོགས་འདུ་སྡེ་ཚན་གཉིས་པའི་སྐབས་སུ་དྲ་ལམ་ནས་ཚོགས་ཡོད་པ་དང་། ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་ཀྱི་གསུང་བཤད་གནང་ཡོད་པ་དང་། ཁོང་གིས་གཙོ་བོ་ཉེ་བའི་ལོ་འགའ་ནང་དུ་བོད་དོན་རྒྱལ་སྤྱིའི་ཐོག་གླེང་མོལ་གནང་རྒྱུ་ཉུང་དུ་སོང་བ་རེད་ཟེར་བ་བདེན་པ་མིན་པ། དེ་ཡང་ཨ་རིའི་གྲོས་ཚོགས་དང་གཞུང་གིས་བོད་དོན་ཐོག་བཞག་པའི་ཁྲིམས་འཆར་དང་ཁྲིམས་ཀྱི་ཐོག་ནས་ངོ་སྤྲོད་རྒྱས་པ་གནང་ཡོད།
ཕྱི་ཟླ་ ༡༠ ཚེས་ ༢༤ ཉིན་ད་རེས་ཚོགས་འདུ་འདིའི་མཉམ་ཞུགས་གནང་མཁན་ཚང་མ་སྤར་ལིན་དུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འཛོམས་ནས་རྒྱ་ནག་དམར་གཞུང་གིས་དབང་བསྒྱུར་ལ་ངོ་རྒོལ་གནང་ཡོད། ད་རེས་ཚོགས་འདུ་འདིའི་ནང་མཉམ་ཞུགས་གནང་མཁན། བོད། སོག་པོ་ལྷོ་མ། ཤར་ཏུ་ཀིས་ཐན། ཧོང་ཀོང་། ཐེ་ཝན། རྒྱ་ནག་མང་གཙོ་དོན་གཉེར་བ་བཅས་ཀྱི་སྐུ་ཚབ་ཡོད། །