༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༢ སྔ་དྲོ་སྐུ་ཞབས་ཨ་ཤོག་མེན་དི་ (Ashok Mendhe) ལགས་ཀྱི་མགྲོན་འབོད་ལྟར་ལྡི་ལིར་རྟེན་གཞི་བྱས་པའི་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་དགའ་བྱེད་ཀྱིས་ལངྐ་མགྲིན་བཅུ་ཆམ་ལ་ཕབ་པའི་དུས་ཆེན་སྲུང་བརྩིའི་མཛད་སྒོར་མཉམ་ཞུགས་གནང་ཡོད།
མཛད་སྒོའི་ཐོག་རྒྱ་གར་དབུས་གཞུང་གིས་བློན་ཆེན་ནི་ཏིན་གཊ་ཀ་རཱི་ (Nitin Gadkari) མཆོག་དང་། མཧཱ་རཱཥཊྲ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་དེ་ཝིནྡྲ་ཕཊ་ན་ཝཱིས་ (Devendra Fadnavis) མཆོག རྒྱ་གར་བར་སྣང་ཞིབ་འཇུག་ཚོགས་པའི་ (ISRO) སྤྱི་ཁྱབ་འགན་འཛིན་ཟུར་པ་ཀེ་སི་ཝན་ (K. Sivan ) ལགས། རྒྱ་གར་གནས་འཁོད་ཨིན་ཡུལ་གཞུང་ཚབ་ཀྱང་ལྷན་ཞུགས་གནང་ཡོད་པ་རེད། དེ་རྗེས་འཕགས་བོད་འབྲེལ་མཐུད་ལས་ཁང་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ། ནག་པུར་བོད་དོན་རྒྱབ་སྐྱོར་བ་མཉམ་སྦྲེལ་ཐོག་ནག་པུར་གྱི་དིག་ཤ་བུ་མི་(Deekshabhoomi) ས་གནས་སུ། བྷཱིམརཱབ་ཨཱམྦེཊ་ཀར་ (Dr. B.R. Ambedkar) མཆོག་གི་ལམ་སྟོན་འོག་རྒྱ་གར་ཧིན་དུའི་རྗེས་འབྲང་པ་འབུམ་ཕྲག་འགའ་ཤས་ནང་པར་བསྒྱུར་བའི་དུས་ཆེན་དང་སྟབས་བསྟུན། བོད་དོན་སྐོར་གོ་རྟོགས་སྤེལ་ཡོད། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་ནས་བོད་དེ་རྒྱ་གར་ལ་གལ་ཆེ་ཚུལ་དང་། བོད་ཀྱི་གནད་དོན་སྐོར་གྱི་ཡིག་ཆ་སྐད་ཡིག་མི་འདྲ་བ་འགའ་ཤས་ནང་འགྲེམས་སྤེལ་གནང་ཡོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་དང་། རང་དབང་འཐབ་རྩོད་དང་འབྲེལ་བའི་བརྙན་ཐུང་ཡང་བསྟན་ཡོད་པ་རེད།
སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འགན་འཛིན་བཀྲ་ཤིས་བདེ་སྐྱིད་ལགས་ནས་བོད་ནང་གི་བོད་མི་རྣམས་ནས་ལྷག་བསམ་སེམས་ཤུགས་ཞུམ་པ་མེད་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་ཀྱི་ངོ་བོ་རྒྱུན་འཛིན་གནང་གི་ཡོད་པ་དང་། ནམ་ཞིག་རྒྱ་གར་ཐེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འོག་བོད་ལ་རང་དབང་གི་ཉི་མ་འཆར་ངེས་པའི་སྐོར་གསུངས་པའི་ཐོག འཕགས་བོད་ཀྱི་ལོ་རྒྱུས་ཀྱི་འབྲེལ་བ་དང་། བོད་དེ་རྒྱ་གར་ལ་གལ་ཆེ་ཚུལ་ལས་འཕྲོས་ཏེ་གསུང་བཤད་གནང་ཡོད། ཕྱི་དྲོ་ཆུ་ཚོད་དྲུག་པའི་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ནས་རྒྱ་གར་རྒྱལ་ཡོངས་དང་བླངས་ཞབས་ཞུ་ཚོགས་པའི་སྤྱི་ཁྱབ་མོ་ཧན་བྷག་ཝཊ་ (Mohan Bhagwat) མཆོག་དང་མཇལ་འཕྲད་ཞུས་ཏེ། སྟོན་པའི་ཐང་ཀ་དང་བོད་དོན་འབྲེལ་བའི་དཔེ་དེབ་ཁག་ཅིག་ཕུལ་ཡོད་པ་རེད། གཞན་ཡང་ནག་པུར་དུ་གོ་སྒྲིག་ཞུས་པའི་བྷཱིམརཱབ་ཨཱམྦེཊ་ཀར་རྗེས་འབྲང་བའི་དང་བླངས་ཚོགས་པའི་ (Samta Sainik Dal) དུས་སྟོན་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ལྷན་ཞུགས་ཀྱིས་དུས་སྟོན་དབུ་འབྱེད་གནང་ཡོད། དུས་སྟོན་ཐོག་རྒྱ་གར་གྱི་མངའ་སྡེ་མང་པོ་ཞིག་ནས་ཚོགས་མི་དང་བླངས་བ་རྣམས་ལྷན་ཞུགས་གནང་ཡོད་ལ། སྐབས་དེར་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ནས་བོད་ཀྱི་གལ་གནད་དང་། བོད་དེ་རྒྱ་གར་ལ་ཕན་ཐོགས་ཆེ་ཚུལ་དང་འབྲེལ་ཏེ་གསུང་བཤད་གནང་བའི་སྐབས་བོད་ཀྱི་ལོ་རྒྱུས་དང་། ས་བབ་ཆགས་ཚུལ། ཆོས་དང་རིག་གཞུང་། ལོ་རྒྱུས་ཐོག་ནས་བོད་རང་བཙན་ཡིན་ཚུལ་སོགས་ཀྱི་སྐོར་གསལ་བཤད་གནང་ཡོད། གཞན་ཡང་སྐབས་དེར་པར་རིས་དང་། བརྙན། གྲངས་ཐོ། ས་ཁྲ་སོགས་བརྒྱུད་ནས་མང་ཚོགས་ལ་བོད་དོན་སྐོར་དྲིལ་བསྒྲགས་གནང་ཡོད།དེ་མཚུངས་ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༡ ཉིན་ནག་པུར་གྱི་(Lohia Study Center )དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་བསྐོང་ཚོགས་གནང་ཞིང་། ཚོགས་འདུའི་ཐོག་(Samta Sainik Dal)ཚོགས་པའི་རྒྱལ་ཡོངས་འབྲེལ་མཐུད་པ་སྐུ་ཞབས་ཨ་ཤོག་བྷོན་ཊ་ཊེ་ལགས་དང་། ནག་པུར་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨམ་རུཊ་བྷན་སོཊ་ལགས། ས་གནས་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མའི་འབྲེལ་མཐུད་པ་ཨར་ཝིན་ནི་ཀོས་ལགས། ནག་པུར་ཧིན་བོད་མཛའ་འབྲེལ་ཚོགས་པའི་སན་དེཤ་མེཤ་རམ་ལགས། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་(Bharat Tibbat Sahyog Mach)གྱི་ཚོགས་གཙོ་རཱཇ་ཀུ་མཱར་ཀེ་བལ་ར་མ་ནི་ལགས། བྷན་ད་ར་ནོར་རྒྱས་གླིང་གཞིས་འགོ་བློ་གྲོས་བཟང་པོ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་གཙོས་པའི་ཚོགས་ མི་བཞི་བཅུ་ལྷན་ལྷན་ཞུགས་གནང་ཡོད། ཐེངས་འདིའི་ཚོགས་འདུ་དེ་བཞིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ་དང་། འཕགས་བོད་འབྲེལ་མཐུད་ལས་ཁང་ཟུང་སྦྲེལ་ཐོག་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ནང་ཁུལ་འབྲེལ་བ་དམ་ཟབ་གཏང་རྒྱུ་དང་། མ་འོངས་ལས་འཆར་བཀོད་སྒྲིག་གནང་རྒྱུའི་ཆེད་གོ་སྒྲིག་གནང་བ་ཞིག་ཡིན། ཚོགས་འདུའི་ཐོག་འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་ཚབ་འབྲེལ་མཐུད་པ་བཀྲ་ཤིས་བདེ་སྐྱིད་ལགས་ནས་ཚོགས་འདུའི་དམིགས་ཡུལ་ངོ་སྤྲོད་དང་སྦྲགས། བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་དོན། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བདུན་པའི་གྲོས་ཆོད་དགོངས་དོན་ཚོགས་མི་རྣམས་ནས་ལས་དོན་སྤེལ་གནང་ཡོང་བའི་འབོད་སྐུལ་ཞུས་ཡོད། གཞན་ཡང་ཚོགས་འདུའི་ནང་ཉེ་ལམ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་དོན་ལ་བསྐྱར་ཞིབ་དང་། མ་འོངས་ལས་འཆར་ཐོག་བགྲོ་གླེང་གནང་ཞིང་། ཚོགས་བཅར་བ་རྣམས་ནས་རྒྱ་གར་ནང་བོད་དོན་གོ་རྟོགས་སྤེལ་ཐབས་ཐད་དགོངས་ཚུལ་ལྷུག་པོ་གསུངས་བ་མ་ཟད། དམིགས་བསལ་ཚོགས་འདུ་འདི་བརྒྱུད་རྗེས་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩིའི་ཆེད་ཚོགས་ཆུང་ཞིག་ཟུར་འཛུགས་གནང་ཡོད་པ་བཅས།།