༄༅། །རྒྱ་ནག་གཞུང་ཚེ་བཙོན་ཁྲིམས་ཐག་བཅད་པའི་བོད་རིགས་ཚོང་པ་རྡོ་རྗེ་བཀྲ་ཤིས་ཀྱི་སྲིང་མོ་མགོན་པོ་སྐྱིད་ཀྱིས་འདི་ལོའི་ཟླ་བ་ ༣ པའི་ནང་། ལྷ་སའི་ཁྲན་ཀན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་སྔ་ལོ་ཟླ་བ་ ༡༢ ནང་ཁོང་མོས་ལྷ་སའི་ནང་ཞི་བའི་ཞུ་གཏུག་བྱེད་སྐབས་སྤྱི་བདེ་ལས་ཁུངས་ནས་ཁོང་མོ་ཉིན་གྲངས་བཅུའི་རིང་འཛིན་བཟུང་བཀག་ཉར་བྱས་པར་ཁྲིམས་གཏུག་བྱས་པར། ལྷ་སའི་ཁྲན་ཀན་རྫོང་མི་མང་ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱི་ཁྲིམས་གཏུག་ལ་རྩིས་མེད་བཏང་ཡོད།
མགོན་པོ་སྐྱིད་དང་ཁོ་མོའི་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས་ཕྱི་ལོ་ ༢༠༢༣ ལོའི་ཟླ་བ་ ༠༡ ནས་བཟུང་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་མཐོ་བའི་མདུན་དུ་ཐེངས་མང་པོར་སྙན་ཞུ་ཕུལ་ཏེ། ཁོ་མོའི་གཅེན་པོར་དྲན་བདེན་ཡོང་ཆེད་ཁྲིམས་ཐག་བཅད་པ་དེར་སྐྱར་ཞིབ་ཡོང་རྒྱུ་མ་ཟད། ལོ་ངོ་ ༡༥ ལྷག་བཙོན་འཇུག་བྱས་པའི་རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་འཇུག་དགོས་པའི་རེ་འདུན་བཏོན་ཡོད།
དེ་ཡང་བརྙན་ཐུང་ཞིག་ནང་མགོན་པོ་སྐྱིད་ཀྱིས་བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་མཐོ་བའི་མདུན་དུ་རྡོ་རྗེ་ལ་མ་ཉེས་ཁ་ཡོག་བྱས་ཡོད་པ་དང་། ཁྲིམས་ཁང་ནས་དྲང་པོ་བྱེད་ཀྱི་མེད་སྐོར་ངོ་རྒོལ་བྱས་ཡོད་ལ། ཡིད་ཆེས་འཕེར་བའི་གནས་ཚུལ་ལྟར་ན། ལྷ་སའི་ཁྲན་ཀན་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་མི་སྣས་མགོན་པོ་སྐྱིད་ཀྱིས་ལྷ་སར་ཞུ་གཏུག་བྱེད་སྐབས་ཐེངས་མང་པོར་དྲག་ཤུགས་ཀྱིས་འདྲུད་ཡོད་པ་དང་། དེའི་རྐྱེན་གྱིས་ཁོ་མོའི་གཟུགས་པོར་རྨས་སྐྱོན་མང་པོ་ཕོག་འདུག་ལ། སྔ་ལོའི་ཟླ་བ་ ༡༢ ཁྲན་ཀན་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་མགོན་པོ་སྐྱིད་ལ་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་པའི་ཉེས་མིང་འོག་ཉིན་གྲངས་ ༡༠ རིང་བཀག་ཉར་བྱས་པ་མ་ཟད། སྙན་ཞུའི་འཕྲེད་དར་དང་འབྲེལ་ཡོད་དངོས་རྫས་རྣམས་བཙན་འཕྲོག་བྱས་ཡོད།
དེའི་རྐྱེན་གྱིས་མགོན་པོ་སྐྱིད་ཀྱིས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོབ་ཆེད། འདི་ལོའི་ལོ་མགོར་ལྷ་སའི་ཁྲན་ཀན་རྫོང་མི་མང་ཁྲིམས་ཁང་དུ་ཁྲན་ཀང་སྤྱི་བདེ་ལས་ཁུངས་ཀྱིས་ཁོང་མོར་དྲང་བདེན་མ་བྱས་པར་ཁྲིམས་གཏུག་བྱས་ཏེ། ཁྲན་ཁང་སྤྱི་བདེ་ལས་ཁུངས་ཀྱིས་ཁོང་མོར་ཉེས་ཆད་བཏང་བ་རྣམས་ཁྲིམས་འགལ་དུ་ངོས་འཛིན་གྱིས་རྩིས་མེད་གཏོང་དགོས་པའི་རེ་འདུན་བཏོན་ཡོད། ལྷ་སའི་ཁྲན་ཀན་རྫོང་མི་མང་ཁྲིམས་ཁང་གིས་འདི་ལོའི་ཟླ་བ་ ༦ པའི་ཚེས་ ༢༧ ཉིན་གནད་དོན་འདིར་གྱོད་ཞིབ་བྱས་ཡོད་ནའང་། ཁྲིམས་ཁང་ནས་ཕྱོགས་ལྷུང་ཅན་གྱི་ཐག་གཅོད་བྱས་ཏེ། མགོན་པོ་སྐྱིད་ལ་སྤྱི་ཚོགས་ཀྱི་བདེ་འཇགས་དཀྲུག་པའི་ཉེས་འཛུགས་བྱས་ནས། དེར་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་ཆད་གཏོང་ཆོག་གི་ཡོད་ཚུལ་གྱི་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་མ་ཟད། ཁོང་མོའི་ཆ་དངོས་བཙན་འཕྲོག་བྱས་པ་རྣམས་ཀྱང་ཕྱིར་སློག་བྱ་རྒྱུར་ཆོག་མཆན་སྤྲད་མེད། གཞན་ཡང་ཁྲིམས་ཁང་གིས་མགོན་པོ་སྐྱིད་ཀྱི་གུན་གསབ་ཀྱི་རེ་འདུན་ལ་དངོས་དོན་དང་ཁྲིམས་ལུགས་ཀྱི་རྒྱབ་རྟེན་མེད་པ་དང་། ཁོ་མོའི་ཁྲིམས་འགལ་གྱི་བྱ་སྤྱོད་དེ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་འོག་ཏུ་མེད་པས། རྩོད་ཟླར་གུན་གསབ་སྤྲོད་དགོས་པའི་འགན་འཁྲི་མེད་པར་ཐག་གཅོད་བྱས་ཏེ། རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ལུགས་ལྟར་མགོན་པོ་སྐྱིད་ཀྱི་རེ་འདུན་ཡོངས་རྫོགས་རྩིས་མེད་བཏང་འདུག
སྤྱིར་འདས་པའི་ལོ་ངོ་ ༡༥ ལྷག་རིང་རྡོ་རྗེ་བཀྲ་ཤིས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པ་དང་། ལོ་མང་རིང་ཁོང་ལ་མནར་གཅོད་དང་རྡུང་རྡེག་བཏང་བའི་རྐྱེན་གྱིས། རྡོ་རྗེ་བཀྲ་ཤིས་ཀྱི་ནང་མི་ཚོས་ཁོང་གི་གཟུགས་གཞིའི་གནས་སྟངས་ལ་སེམས་འཚབ་ཀྱིས་དྲང་བདེན་གྱི་ཁྲིམས་ཞིབ་དང་གནད་དོན་བསྐྱར་ཞིབ་བྱེད་དགོས་པའི་རེ་འདུན་ཐེངས་མང་བཏོན་ནའང་། ཁོང་བཙོན་གྲོལ་ཐོབ་པ་བྱུང་མེད། དེ་མ་ཟད་ཁོང་གི་ནང་མི་ཚོར་བཙོན་ཁང་ནང་ཐུག་འཕྲད་བྱེད་འཇུག་གི་མེད་པ་དང་། གོང་རིམ་དབང་འཛིན་པར་དེ་དོན་ཞུ་གཏུག་བྱས་ཀྱང་གྲུབ་འབྲས་ཐོན་མེད། རྡོ་རྗེ་བཀྲ་ཤིས་ཐོག་མར་ཕྱི་ལོ་ ༢༠༠༨ ལོའི་ཟླ་བ་ ༧ པའི་ཚེས་ ༡༠ ཉིན་བཙན་བྱོལ་བོད་མིར་ཞལ་འདེབས་སྤྲད་པ་དང་། བོད་ནང་གི་ངོ་རྒོལ་བྱེད་མཁན་ཚོར་དཔལ་འབྱོར་གྱི་རོགས་རམ་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༢༠༡༠ ལོའི་ཟླ་བ་ ༥ པའི་ཚེས་ ༡༧ ཉིན་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།།