༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྐུ་ཞབས་ཤི་གེ་རུ་ཨི་ཤི་བཱ་ (Shigeru Ishiba) མཆོག་དང་། ཁོང་གི་གུ་ཡངས་མང་གཙོ་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་པར་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་གནང་ཡོད་པ་རེད།
དེ་ཡང་འཚམས་འཕྲིན་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་རིང་པོར་མ་འགོར་བར་ཕྱི་ལོ་ ༡༩༦༧ ལོར་ཉི་འོང་དུ་ཆིབས་བསྒྱུར་བསྐྱངས་གནང་མཛད་པ་ནས་བཟུང་། ཉི་འོང་གཞུང་མང་གཉིས་ནས་མགོན་པོ་གང་ཉིད་མཆོག་དང་བོད་མི་རྣམས་ལ་སྣེ་ལེན་དང་མཐུན་འགྱུར་གང་ཡོང་གནང་ཡོད། འདས་པའི་ལོ་ངོ་འདི་དག་གི་རིང་ཉི་འོང་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་གཙིགས་ཆེར་འཛིན་བཞིན་དུས་སྟོན་འདྲ་མིན་དང་བསྟུན་མགོན་པོ་མཆོག་ཡུལ་དེར་གདན་ཞུས་གནང་ཡོད་པ་རེད།
ཉི་འོང་ནས་རང་དབང་དང་། མང་གཙོ། ཁྲིམས་སྒྲིག་ཁག་གཡོ་བ་མེད་པའི་ཐོག་ནས་བརྩི་སྲུང་དང་། ལྷག་པར་བོད་གཙོ་བོར་གྱུར་བའི་ཤར་ཏུར་ཀི་སི་ཐན་དང་། ལྷོ་སོག་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་རྒྱ་ནག་གཞུང་དང་གདོང་ལེན་གནང་ཡོད་པ་མ་ཟད། ཉི་འོང་གིས་སྲིད་དབང་སྒེར་སྤྱོད་རིང་ལུགས་ལ་ངོ་རྒོལ་དང་ཐེར་འདོན་གནང་བ་དེས་རྒྱལ་སྤྱིའི་སྟེང་མིག་ལྟོས་བཟང་པོ་ཞིག་བསྟན་ཡོད།
ད་དུང་ཉི་འོང་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཤོས་གྲས་ཤིག་ཡིན་པ་འདི་ནི་གཞིས་བྱེས་བོད་མིའི་འཐབ་རྩོད་ལ་རེ་བ་སྦྱིན་གྱི་ཡོད་སྐོར་དང་འབྲེལ་སྲིད་བློན་གསར་པའི་དབུ་ཁྲིད་འོག་མུ་མཐུད་བོད་དང་བོད་མིར་རྒྱབ་སྐྱོར་ཡོང་བའི་ཞབས་སྐུལ་གནང་འདུག
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྲིད་བློན་མཆོག་གི་ལས་ཡུན་མཐའ་དག་ལམ་ལྷོངས་ཡོང་བའི་སྨོན་འདུན་གནང་འདུག་པ་བཅས། །