
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༠༠ པའི་ཐོག་སྦར་སིལ་སྐུ་ཚབ་དོན་གཅོད་རིག་འཛིན་ཆོས་སྒྲོན་ལགས་དང་། དོན་ཁང་གི་ཡུ་རོབ་གྲོས་ཚོགས་བོད་དོན་ཞུ་གཏུག་འབྲེལ་ཡོད་ལས་བྱེད་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་དང་ལྷན་བོད་དོན་ཞུ་སྐུལ་སྐོར་བཀའ་བསྡུར་དང་། ཉིན་གུང་ཆུ་ཚོད་ ༡༢།༠༠ ཐོག་སྦེལ་ཇམ་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་སྐུ་ཨེལསེ་ ཝན་ ཧོབ་ (Els Van Hoof) མཆོག་དང་ལྷན་མཇལ་འཕྲད་ཀྱིས་བོད་དོན་གནས་བབ་སྤྱི་དང་། བྱེ་བྲག་ཏུ་ཉེ་བའི་ཆར་བོད་ནང་ལག་བསྟར་བྱེད་བཞིན་པའི་རྒྱ་དམར་གཞུང་གི་སྲིད་བྱུས་སྐོར་སྙན་གསན་དང་སྦྲགས། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་སྔར་ལྷག་ཡོང་བ་ཞུས་གནང་འདུག
ཕྱི་དྲོ་ཆུ་ཚོད་ ༣།༣༠ ཐོག་ཡུ་རོབ་ཕྱི་སྲིད་ལས་ཁུངས་ཀྱི་འབྲེལ་ཡོད་ལས་བྱེད་ཁག་ཅིག་དང་ལྷན་མཇལ་འཕྲད་གནང་ཞིང་། སྐབས་དེར་ཁོང་རྣམ་པས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་ཐུགས་སྣང་དགོས་པའི་ཕྱི་ལོ་ ༢༠༢༤ ཟླ་ ༩ ཚེས་ ༢༤ ཉིན་གྱི་ཡུ་རོབ་མཉམ་འབྲེལ་གྱི་བསྒྲགས་གཏམ་ནང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་དང་ཆབ་སྲིད་བཙོན་པ་འགའ་ཞིག་གི་མཚན་དཔེ་མཚོན་ཚུལ་དུ་དངོས་སུ་གསལ་བཀོད་གནང་བའི་ཡིག་ཆ་དོན་ཚན་བཞི་པའི་སྐོར་དང་། ཡུ་རོབ་མཉམ་འབྲེལ་གྱིས་བོད་དོན་ཐོག་མུ་མཐུད་ཐུགས་སྣང་དང་རྒྱབ་སྐྱོར་གནང་གི་ཡོད་པ་གསུངས་འདུག་པར། བོད་མི་མང་སྤྱི་འཐུས་རྣམ་པ་གཉིས་ནས་བསྒྲགས་གཏམ་ནང་བོད་ནང་གི་གནས་སྟངས་འབུར་བཏོན་ཞིབ་གླེང་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་མུ་མཐུད་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཐུགས་སྣང་དང་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་ཡོང་བ་ཞུས་གནང་འདུག
