༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༩ ཉིན་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལོ་དུས་བཞི་པའི་སྐབས་སྤྱི་འཐུས་རྒྱུན་ལས་གཉིས་གསར་དུ་ཕེབས་པ་ལས་གཞན་རྣམས་རང་འཇགས་བཞུགས་ཡོད་ཅིང་། དེ་ཡང་བོད་མི་མང་མདོ་སྟོད་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། བོད་མི་མང་མདོ་སྨད་སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་རྣམ་གཉིས་རྒྱུན་ལས་ལ་གསར་དུ་ཕེབས་གནང་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ་ལྷན་འཛོམས་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསུང་དོན། ད་རེས་སྤྱི་འཐུས་རྒྱུན་ལས་ལོ་དུས་བཞི་པ་ཆགས་བསྡད་ཡོད་རེད། རྒྱུན་ལས་མང་བ་དེ་རང་འཇགས་བཞུགས་མཁན་དང་། ལོ་དུས་འདིར་རྒྱུན་ལས་ལ་གསར་དུ་ཕེབས་མཁན་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་ལགས་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་ལགས་རྣམ་གཉིས་ལ་ཐོག་མར་འཚམས་འདྲི་ཞུ་རྒྱུ་དང་། ཚང་མས་མཁྱེན་གསལ་ལྟར། རྒྱུན་ལས་ཀྱི་ལས་དོན་དེ་ཧ་ཅང་གི་གལ་ཆེན་པོ་ཆགས་བསྡད་ཡོད་རེད། ང་ཚོ་མ་འོངས་པའི་ལོའི་ནང་རྒྱུན་ལས་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུར་ཚང་མས་ཕྱར་གྲུ་མཉམ་འདེགས་དང་། ནུས་པ་མཉམ་སྤུངས་ཡོང་རྒྱུར་ཡིད་ཆེས་དང་རེ་བ་བྱེད་ཀྱི་ཡོད། དེ་ལྟར་ཚང་མས་དགོངས་པར་འཇོག་རོགས་གནང་ཞེས་གསུངས་པ་དང་། དེ་རྗེས་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༩ ནས་ ༢༠༢༥ ཟླ་ ༡༠ ཚེས་ ༨ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་བཞི་པའི་ནང་སྡེ་ཚན་དང་། སྤྱི་འཐུས་མི་འགྲོ་ཆ་བགོས་ཞུས་པ་སྙན་སྒྲོན་གནང་སོང་།
དེ་ཡང་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ། རྒྱུན་ལས་ཀྱི་སྡེ་ཚན་ཞེས་པའི་འོག་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༩ ནས་ ༢༠༢༥ ཟླ་ ༡༠ ཚེས་ ༨ བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་ལོ་དུས་བཞི་པའི་ནང་སྡེ་ཚན་གསུམ་ལ་སྤྱི་འཐུས་མི་འགྲོ་ཆ་བགོས་གནང་བར། རྒྱུན་འབྲེལ་སྡེ་ཚན་དུ་སྤྱི་འཐུས་བསྟན་པ་ཡར་འཕེལ་མཆོག་དང་། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག ཆབ་སྲིད་སྡེ་ཚན་དུ་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་མཆོག་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན་མཆོག སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན་མཆོག སྤྱི་འཐུས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་བསྟན་འཛིན་འཇིགས་བྲལ་མཆོག དེ་བཞིན་འཛིན་སྐྱོང་རྟོག་ཞིབ་སྡེ་ཚན་དུ་སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲ་ཤིས་མཆོག་དང་། སྤྱི་འཐུས་བློ་བཟང་ཐུབ་བསྟན་མཆོག་བཅས་ལ་ཐུགས་གཏན་ཁེལ་གནང་ཡོད་པ་བཅས། །