༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་ཤྲི་ན་གྷ་དང་། དཀར་འཁྱིལ་ཁུལ་གྱི་གཞུང་འབྲེལ་ས་བགོས་ཀྱི་ལས་རིམ་ཁག་ལེགས་པར་གྲུབ་རྗེས། ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༡༠ ཉིན་ལ་དྭགས་རྒྱལ་ས་སླེ་རུ་ཕེབས་ཐོན་གྱིས་ཕྱི་ཚེས་ ༡༣ བར་ཉིན་གྲངས་བཞིའི་རིང་ལ་དྭགས་སླེ་བསོད་ནམས་གླིང་གཞིས་ཆགས་སུ་ཡོད་པའི་དགོན་སྡེ་ཁག་དང་། བརྒྱ་ཤོག་ཁག གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག ལ་དྭགས་བོད་ཁྱིམ་སློབ་གྲྭ་སོགས་ལ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་དང་། དེ་བཞིན་ས་གནས་མང་ཚོགས་བཅས་ལ་གསུང་བཤད་གནང་སྟེ་ལ་དྭགས་སླེ་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཁུལ་གྱི་གཞུང་འབྲེལ་ལས་རིམ་ཁག་ལེགས་པར་གྲུབ་ཡོད།
དེ་ཡང་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༠༧།༠༠ ཐོག་དཀར་འཁྱིལ་ནས་ཕེབས་ཐོན་གྱིས་དགོང་དྲོར་ལ་དྭགས་རྒྱལ་ས་སླེ་རུ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ལ་སྤྱི་དང་། ས་གནས་ཁྲིམས་དཔོན། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ། རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྐུ་ཚབ། ས་གནས་གཞོན་ནུའི་ཚོགས་གཙོ། ས་གནས་བུད་མེད་ཀྱི་ཚོགས་གཙོ། དེ་བཞིན་སྡེ་ཚན་ཁག་གི་འགན་འཛིན་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་ནས་ཕེབས་བསུའི་སྣེ་ལེན་ཟབ་རྒྱས་ཞུས་པ་དང་། དེ་རྗེས་ལ་སྤྱི་ལས་ཁུངས་ནས་སྤྱི་འཐུས་རྣམ་གཉིས་དང་། ས་གནས་གནད་ཡོད་མི་སྣ་ཡོངས་ལ་གསོལ་ཇ་སྟབས་བདེ་ཞིག་འདེགས་འབུལ་ཞུས་གནང་འདུག
ཕྱི་ཚེས་ ༡༡ ཉིན་གྱི་ཞོགས་པར་ལ་དྭགས་བོད་ཁྱིམ་སློབ་གྲྭའི་དབུ་འཛིན་དང་སློབ་སྤྱི། དེ་བཞིན་ལས་བྱེད་བཅས་ནས་རྒྱལ་སྒོའི་མདུན་ནས་ཕེབས་བསུའི་སྣེ་ལེན་ཞུས་རྗེས། སློབ་གྲྭའི་འགན་འཛིན་ལས་ཁུངས་སུ་ལྷན་འཛོམས་ཐོག་དབུ་འཛིན་དང་སློབ་སྤྱི་རྣམ་པ་གཉིས་ནས་སློབ་གྲྭའི་གནས་སྟངས་སྐོར་འགྲེལ་བཤད་ཞིབ་ཕྲ་ཞིག་གནང་གྲུབ་མཚམས། སྤྱི་འཐུས་རྣམ་གཉིས་སློབ་གྲྭའི་ལས་ཁུངས་དང་། འཛིན་ཁང་། དཔེ་མཛོད་ཁང་། སློབ་གྲྭའི་སྨན་ཁང་དང་ཁྱིམ་ཚང་སོགས་སུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་དང་། དེ་རྗེས་སློབ་གྲྭའི་ཚོགས་ཁང་དུ་དགེ་ལས་སློབ་ཕྲུག་ཡོངས་ལ་བཀའ་སློབ་གསུང་བཤད་དང་དྲི་བ་དྲིས་ལན། དེ་བཞིན་ལ་དྭགས་བོད་ཁྱིམ་རྒན་གསོ་ཁང་དང་། ཡན་ལག་སློབ་གྲྭ་བཅས་ལ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་བཅས་གནང་།
ཉིན་གུང་ལ་དྭགས་བོད་ཁྱིམ་དགེ་སློབ་ཐུན་མོང་ནས་ཕྱོགས་ཕེབས་སྤྱི་འཐུས་རྣམ་པ་གཉིས་ལ་གསོལ་ཚིགས་འདེགས་འབུལ་དང་། དེ་རྗེས་ལ་སྤྱི་ལས་ཁུངས་དང་། ས་གནས་འཕྲོད་བསྟེན་སྨན་ཁང། ལ་དྭགས་མཉམ་འབྲེལ་ལས་ཁུངས། སླེ་བྱང་གཉིས་ཀྱི་རང་བདེན་ཚོགས་ཆུང་། ས་གནས་ཁྲིམས་ཞིབ་ལས་ཁུངས། ལ་དྭགས་མཉམ་འབྲེལ་གྱི་གློག་བརྙན་ཁང་། ས་གནས་འཐུས་ཚོགས་ཀྱི་ཚོགས་ཁང་། ལ་དྭགས་མཉམ་འབྲེལ་གྱི་ཚོང་ཁང་དང་མི་མང་ཚོགས་ཁང་། ལ་དྭགས་ལྕོག་ལམ་སར་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་བཅས་གནང་ཡོད་འདུག
ཕྱི་ཚེས་ ༡༢ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༠༩།༠༠ པའི་ཐོག་༧རྒྱལ་བའི་ཕོ་བྲང་ཞི་བའི་ཚལ་དང་། ཀརྨ་སྒྲུབ་བརྒྱུད་ཆོས་གླིང་དགོན་པ། གཤེན་བསྟན་གཡུང་དྲུང་ལྷ་རྩེ་བོན་གྱི་དགོན་པ། རུ་ཐོག་ལྷུན་གྲུབ་ཆོས་སྡིངས་དགོན་པ། སླེ་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་སུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་དང་། ཉིན་རྒྱབ་ཆུ་ཚོད་ ༠༢།༠༠ པའི་ཐོག་བརྒྱ་ཤོག་དྲུག་པ་དང་། བརྒྱ་ཤོག་བདུན་པ། བརྒྱ་ཤོག་བརྒྱད་པ། བརྒྱ་ཤོག་དགུ་པ། དེ་བཞིན་གཞིས་སྤོས་ལས་གཞི་སྟེ། མ་ཁྱུ་དང་། ཆུ་ཤུལ་སྡོད་ཁང་གསར་རྒྱག་གི་ལས་གཞི་ཁག་ལ་གཟིགས་སྐོར་དང་། གནས་སྟངས་རྒྱུས་ལོན་གནང་འདུག
ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༠༩།༠༠ ཐོག་བརྒྱ་ཤོག་གཉིས་པ་དང་། བརྒྱ་ཤོག་གསུམ་པ། བརྒྱ་ཤོག་བཞི་པ། བརྒྱ་ཤོག་ལྔ་པ། བརྒྱ་ཤོག་བཅུ་པ། བརྒྱ་ཤོག་བཅུ་གཅིག བརྒྱ་ཤོག་བཅུ་གཉིས་བཅས་སུ་རིམ་པས་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་ཞིང་། དེའི་སྐབས་ས་གནས་ཀྱི་བརྒྱ་དཔོན་སོ་སོ་ནས་སྣེ་ལེན་གྱི་གོ་སྒྲིག་འཐུས་ཚང་ཞུས་འདུག
ཉིན་རྒྱབ་ཆུ་ཚོད་ ༠༢།༣༠ ཐོག་ལ་དྭགས་བསོད་ནམས་གླིང་མི་མང་ཚོགས་ཁང་ནང་མི་མང་ཚོགས་འདུ་བསྐོངས་ཤིང། ས་གནས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། སྡེ་ཚན་ཁག་གི་འགན་འཛིན། དགོན་སྡེ་ཁག་གི་སྐུ་ཚབ། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་མིས་གཙོས་པའི་ས་གནས་ཀྱི་གནད་ཡོད་མི་སྣ་དང་མང་ཚོགས་ཁྱོན་མི་གྲངས་ལྔ་བརྒྱ་ལྷག་འཛོམས་ཡོད་ཅིང་། དེ་ཡང་ཐོག་མར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་ནས་ལ་དྭགས་སྤྱིའི་གནས་སྟངས་སྐོར་ངོ་སྤྲོད་ཞུས་རྗེས།
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ནས་༧གོང་ས་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱལ་སྤྱིའི་གནས་བབ་ཀྱི་བརྗོད་གཞིའི་ཐོག་མང་ཚོགས་ལ་གསུང་བཤད་དང་། མང་ཚོགས་ཀྱི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་ཁ་གསལ་གནང་བ་བཅས་ཁྱོན་ཆུ་ཚོད་གསུམ་ཙམ་གྱི་རིང་གསུང་བཤད་དང་དྲི་བ་དྲིས་ལན་གྱི་ལས་རིམ་བསྐྱངས། དེ་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ། ཚོགས་འདུ་རྒྱལ་ཁའི་ངང་ནས་གྲོལ་འདུག
བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་ཟླ་བ་འདིའི་ཚེས་ ༡༤ ཉིན་ལ་དྭགས་རྒྱལ་ས་སླེ་ནས་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༤ ནས་ ༡༨ བར་ལ་དྭགས་བྱང་ཐང་ནུབ་མ་དང་བཀག་གཞུང་། རྒོད་ཡུལ། ཧེན་ལེ། མ་ཁྱུ། བཅུ་མུར། སུམ་མདོ། དེ་བཞིན་ས་སྨད་བཅས་སུ་ལས་རིམ་བསྐྱང་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་ལ་དྭགས་སླེ་ཁུལ་དུ་མུ་མཐུད་ལས་རིམ། ཕྱི་ཚེས་ ༢༠ ཉིན་ལ་དྭགས་རྒྱལ་ས་སླེ་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་བཞུགས་སྒར་དྷ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །