༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་ལྟར། བོད་མི་མང་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ཚེས་ ༨ ནས་ ༩ བར་ཉིན་གྲངས་གཉིས་རིང་ཤྲི་ན་གྷར་ཡོད་པའི་བོད་པའི་སློབ་གྲྭ་དང་། གཞིས་ཆགས་ཁག་ལ་གཟིགས་སྐོར་དང་། ལ་དྭགས་དཀར་འཁྱིལ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྤྱི་ཁྱབ་པ་མཇལ་འཕྲད། ས་གནས་བོད་མིའི་ཁྲོམ་ས་ཁག་ལ་གཟིགས་སྐོར་བཅས་གནང་སྟེ། ཤྲི་ན་གྷར་དང་། དཀར་འཁྱིལ་ཁུལ་གྱི་གཞུང་འབྲེལ་ལས་རིམ་ཁག་ལེགས་གྲུབ་བྱུང་འདུག
དེ་ཡང་སྤྱི་འཐུས་རྣམ་པ་གཉིས་ཕྱི་ཟླ་ ༡༠ ཚེས་ ༠༧ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༠༤།༣༠ ཐོག་དྷ་ས་གངས་སྐྱིད་ཀྱི་ལས་ཤག་ནས་རླངས་འཁོར་བརྒྱུད་ཅན་དྷི་གྷར་ལ་ཕེབས་ཐོན་དང་། དེ་ནས་མཁའ་ལམ་བརྒྱུད་ཤྲི་ན་གྷར་ལ་ཕེབས་ཐོན་གྱིས་ཉིན་རྒྱབ་ཆུ་ཚོད་ ༠༢།༠༠ ཙམ་ལ་དེ་གའི་གནམ་ཐང་ལ་ཕེབས་འབྱོར་བྱུང་ཞིང་། སྐབས་དེར་ཤྲི་ན་གྷར་ས་གནས་གཞོན་ནུའི་ཚོགས་གཙོ་ཨ་ཕོ་དྷོ་ལ་ བྷ་ཋི་ (Abdullah Butt) ལགས་དང་། ཁོང་གི་ཕྱག་རོགས་གཉིས་ནས་ཕེབས་བསུ་ཞུས་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༠༨ ཉིན་གྱི་སྔ་དྲོ་ཤྲི་ན་གྷར་ས་གནས་གཞོན་ནུའི་ཚོགས་གཙོ་ཨ་ཕོ་དྷོ་ལ་ལགས་དང་ལྷན་དུ་བོད་པའི་སློབ་གྲྭ་ཤྲཱི་ན་གྷར་ཉིན་སློབ་ (Tibetan Public School) ཏུ་གཟིགས་སྐོར་དང་རྟོག་ཞིབ་གནང་ཞིང་། སྐབས་དེར་སློབ་གྲྭའི་སློབ་སྤྱི་ལྕམ་སྐུ་ཨ་བྷེ་དྷ་ ཨ་ལེ་ (Abida Ali) ལགས་དང་། དགེ་རྒན་ལས་བྱེད་ཀྱིས་གཙོས་པའི་སློབ་ཕྲུག་རྣམས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པའི་ཁར། སློབ་གྲྭའི་མདུན་ཐང་དུ་དགེ་སློབ་ཡོངས་རྫོགས་འདུ་འཛོམས་གནང་སྟེ་མཛད་སྒོ་ཚོགས་ཤིང་། སློབ་ཕྲུག་རྣམས་ནས་འཆར་ཅན་ལྟར་བང་རིམ་བསྒྲིགས་ཏེ་ཞལ་འདོན་གྱི་ཆོ་ག་གྲུབ་མཚམས་སློབ་སྤྱི་ནས་སྤྱི་འཐུས་རྣམ་པ་གཉིས་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་རྣམ་པ་གཉིས་ནས་དགེ་སློབ་རྣམས་ལ་གསུང་བཤད་ཀྱི་ལས་རིམ་དབུ་འཛུགས་ཤིང་། ཐོག་མར་སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་ནས་དགེ་སློབ་རྣམས་ལ་འཚམས་འདྲི་དང་སྦྲགས། ས་གནས་དེར་ཆེད་དུ་བཅར་དགོས་པའི་དམིགས་ཡུལ་དང་། ལྷག་པར་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་སྐོར་ངོ་སྤྲོད་གནང་བ་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་ནས་རྒྱལ་སྤྱིའི་ནང་བོད་ཀྱི་གནས་སྟངས་དང་། བྱེ་བྲག་ཏུ་རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་ད་ལྟའི་བར་གྱི་གནས་སྟངས་སྐོར་ལ་ངོ་སྤྲོད་ཞུས་པའི་ཁར། སློབ་ཕྲུག་རྣམས་ནས་བོད་པའི་སྐད་ཡིག་ལ་དོ་སྣང་དང་སློབ་སྦྱོང་བྱེད་དགོས་གལ་སྐོར་གྱི་སྐུལ་མ་གནང་ཡོད་འདུག
སློབ་གྲྭའི་མདུན་ཐང་དུ་མཛད་སྒོ་གྲུབ་མཚམས། སློབ་ཕྲུག་རྣམས་དང་ལྷན་པར་བསྒྲོན་པ་དང་། དེ་རྗེས་འཛིན་རིམ་དང་པོ་ནས་བཅུ་པའི་བར་གྱི་འཛིན་ཁང་དང་། དཔེ་མཛོད་ཁང་། ཞལ་འདོན་ཁང་། ཚོགས་ཁང་། གློག་ཀླད་སྦྱོང་བརྡར་ཁང་། དེ་བཞིན་ཚན་རིག་རྟག་དཔྱད་ཁང་སོགས་སུ་རིམ་པ་བྱས་ནས་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་འདུག
གཞན་ཡང་། སློབ་གྲྭའི་སློབ་སྤྱི་དང་དྲུང་ཡིག དེ་བཞིན་ས་གནས་ཀྱི་གནད་ཡོད་མི་སྣ་རྣམས་དང་ལྷན་དུ་སློབ་གྲྭའི་གནས་སྟངས་སྤྱི་དང་། དམིགས་བསལ་བོད་པའི་སྐད་ཡིག་སློབ་སྦྱོང་བྱེད་ཕྱོགས་སྐོར་ལ་རྒྱུས་ལོན་དང་བསམ་ཚུལ་བསྡུ་ལེན་བྱས་པ་དང་། ཉིན་རྒྱབ་སྤྱི་འཐུས་རྣམ་གཉིས་ནས་ཤྲི་ན་གྷར་ཁུལ་དུ་ཡོད་པའི་བོད་པའི་གཞིས་ཆགས་ཁག་གསུམ་ནང་དུ་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་གནང་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༠༩ ཉིན་གྱི་སྔ་དྲོ་སྤྱི་འཐུས་རྣམ་གཉིས་ཤྲི་ན་གྷར་ནས་ཕེབས་ཐོན་གྱིས་ཉིན་རྒྱབ་དཀར་འཁྱིལ་དུ་ཕེབས་འབྱོར་བྱུང་འདུག་པ་དང་། དེ་ནས་ལ་དྭགས་དཀར་འཁྱིལ་རང་སྐྱོང་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་ལས་ཁུངས་སུ་ལྷན་ཚོགས་དེའི་སྤྱི་ཁྱབ་པ་སྐུ་ཞབས་ མོག་དྷི་ རྗེ་ཧྥར་ ཨ་ཁོན་ (Dr.Mohd Jaffer Akhoon, Chair/Chief Executive Councillor, LAHDC Kargil) ལགས་དང་། ཟངས་དཀར་ས་གནས་ནས་ཡིན་པའི་ཚོགས་མི་སྐུ་ཞབས་ཕུན་ཚོགས་བཀྲ་ཤིས་ (Phuchok Tashi, Executive Councilor Rural Dev Deptt and Zanskar Development Authority) ལགས་རྣམ་གཉིས་ལྷན་དུ་མཇལ་འཕྲད་གནང་ཡོད་འདུག
མཇལ་འཕྲད་སྐབས། སྐུ་ཞབས་ མོག་དྷི་ རྗེ་ཧྥར་ ཨ་ཁོན་ ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་ཐོག་ལ་བློ་འཚབ་ཆེན་པོའི་ངང་ནས་བཀའ་འདྲི་ཞུས་པ་མ་ཟད། ༧མགོན་པོ་མཆོག་གི་ཞབས་སྤུས་མགྱོགས་ནས་མྱུར་དུ་དྲག་སྐྱེད་དང་གསལ་ཐང་ཡོང་བའི་སྨོན་འདུན་ཡང་ཞུ་བཞིན་ཡོད་ཅེས་དང་། དེ་བཞིན་ཁོང་གིས། ཟངས་དཀར་ས་ཁུལ་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་༧རྒྱལ་བའི་ཕོ་བྲང་ཆེན་པོ་ཞིག་གསར་བཞེངས་བྱེད་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༥ ལོར་ལས་འཆར་དེ་ཡོངས་སུ་འགྲུབ་རྒྱུ་ཡིན་པར། སྐབས་དེར་ཁོང་རྣམས་པས་༧མགོན་པོ་གང་ཉིད་མཆོག་ཟངས་དཀར་དུ་ཆེད་དུ་གདན་འདྲེན་ཞུ་ཐབས་བྱེད་རྒྱུ་ཡིན་པའི་སྐོར་དང་། སྤྱི་འཐུས་རྣམ་གཉིས་ནས་ཀྱང་དེ་དོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་ཞིག་ཞུ་ཐབས་གནང་སྐྱོང་ཡོང་བའི་རེ་འདུན་ཞུས་གནང་འདུག
གཞན་ཡང་། སྤྱི་འཐུས་རྣམ་གཉིས་ནས་སྐུ་ཞབས་ མོག་དྷི་ རྗེ་ཧྥར་ ཨ་ཁོན་ལགས་ལ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང་། བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་བྱེད་ཕྱོགས་སྐོར། དེ་བཞིན་ས་བགོས་ཕྱོགས་བསྐྱོད་ཀྱི་ལས་རིམ་སྐོར་ལ་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་པ་མ་ཟད། སྐུ་ཞབས་ མོག་དྷི་ རྗེ་ཧྥར་ ཨ་ཁོན་ལགས་ཀྱིས་གཙོས་པའི་འབྲེལ་ཡོད་ས་གནས་དཔོན་རིགས་རྣམས་ནས་ཁུལ་དེར་ཡོད་པའི་བོད་མི་ཁྲོམ་ས་འཛིན་མཁན་གྱི་ཚོང་པ་རྣམས་ལ་ད་བར་མཐུན་འགྱུར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། བོད་མི་རྣམས་ཀྱི་བདེ་སྡུག་དང་འབྲེལ་བའི་ཐོག་མུ་མཐུད་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག་པར། ཁོང་ནས་བོད་མི་དཀའ་ངལ་འཕྲད་མཁན་སུ་ཞིག་བྱུང་ཡང་ཁོང་ཚོར་ཁ་ཐུག་འབྲེལ་བ་གནང་ཚེ་ཕྱག་རོགས་གནང་ངེས་ཡིན་ཞེས་ཞལ་བཞེས་གནང་འདུག མཇལ་འཕྲད་གྲུབ་མཚམས་སྤྱི་འཐུས་རྣམ་གཉིས་ས་གནས་བོད་མིའི་ཁྲོམ་རར་གཟིགས་སྐོར་དང་གནས་སྟངས་རྒྱུས་ལོན་སླད་ཕེབས་འདུག
སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས་དང་། སྤྱི་འཐུས་རྒྱལ་ལྡོང་ཕུར་པ་རྡོ་རྗེ་ལགས་རྣམ་གཉིས་ནས་ཟླ་བ་འདིའི་ཕྱི་ཚེས་ ༡༠ ཉིན་དཀར་འཁྱིལ་ནས་ལ་དྭགས་རྒྱལ་ས་སླེ་རུ་ཕེབས་ཐོན་གནང་སྟེ། ཕྱི་ཚེས་ ༡༡ ནས་ ༡༣ བར་ལས་རིམ་བསྐྱང་རྒྱུ་དང་། ཕྱི་ཚེས་ ༡༤ ནས་ ༡༨ བར་ལ་དྭགས་བྱང་ཐང་ནུབ་མ་དང་། བཀག་གཞུང་། རྒོད་ཡུལ། ཧེན་ལེ། མ་ཁྱུ། བཅུ་མུར། སུམ་མདོ། དེ་བཞིན་ས་སྨད་བཅས་སུ་ལས་རིམ། ཕྱི་ཚེས་ ༡༩ ཉིན་ལ་དྭགས་སླེ་ཁུལ་དུ་མུ་མཐུད་ལས་རིམ། ཕྱི་ཚེས་ ༢༠ ཉིན་ལ་དྭགས་རྒྱལ་ས་སླེ་ནས་ལྡི་ལིར་ཕྱིར་ཕེབས་དང་། ཕྱི་ཚེས་ ༢༡ ཉིན་ལྡི་ལི་ནས་བཞུགས་སྒར་དྷ་སར་ཕྱིར་ཕེབས་གནང་རྒྱུ་ཡིན་པ་བཅས། །