༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༥ ནས་ ༦ བར་ཉིན་གྲངས་ཉིན་གཉིས་རིང་ལྷོ་བྱང་ཨ་རིའི་ཁུལ་གྱི་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་ཨི་ཐ་ཁ་ས་གནས་སུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ཡོད་པ་རེད།
དེ་ཡང་ཕྱི་ཟླ་ ༡༠ པའི་ཚེས་ ༥ རེས་གཟའ་སྤེན་པ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པའི་ཐོག་ལྷོ་བྱང་ཨ་རིའི་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱིས་ཨི་ཐ་ཁ་ས་གནས་སུ་གནས་སྡོད་བོད་མི་རྣམས་ཐུག་འཕྲད་ཀྱིས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་དང་། རང་དབང་ལྡན་པའི་རྒྱལ་ཁབ་ནང་གནས་སྡོད་བྱེད་བཞིན་པའི་བོད་མི་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་པའི་སྐོར། དེ་བཞིན་བོད་ཀྱི་ཆོས་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་རྒྱུ། བོད་དོན་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་དགོས་གལ་སོགས་ཀྱི་ཐོག་གསུངས་འདུག་པ་མ་ཟད། མང་ཚོགས་ཀྱི་དོགས་འདྲི་ཁག་ལ་ལན་འདེབས་གསལ་བཤད་གནང་རྗེས། ཨི་ཐ་ཁ་བོད་རིགས་ཚོགས་པས་དགོང་ཚིགས་གོ་སྒྲིག་ཞུས་གནང་ཡོད་འདུགཕྱི་ཚེས་ ༦ རེས་གཟའ་ཉི་མའི་ཉིན་སྤྱི་འཐུས་མཆོག་དེ་གའི་ས་གནས་ཀྱི་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་དང་། དགེ་སློབ་རྣམས་ལ་གསུང་བཤད། དེ་བཞིན་ཨི་ཐ་ཁ་ས་གནས་སུ་ཆགས་པའི་རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་ནས་ས་གནས་བོད་རིགས་མཐུན་ཚོགས་ལ་མཐུན་འགྱུར་རོགས་རམ་གང་ལེགས་གནང་བཞིན་ཡོད་པར་སྤྱི་འཐུས་དོན་གྲུབ་ཚེ་རིང་ལགས་ཀྱིས་ས་གནས་བོད་རིགས་ཚོགས་པའི་ཚབ་ཞུས་ཏེ། རྣམ་རྒྱལ་གྲྭ་ཚང་ནང་ཆོས་སློབ་གཉེར་ཁང་གི་དགེ་འདུན་པ་བསྟན་འཛིན་ཆོས་བཟང་ལགས་བརྒྱུད་ནས་ཐུགས་རྗེ་ཆེ་ཞུས་འདུག་པ་བཅས། །