༄༅། །བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་དྲིལ་ཞུ་གཏུག་ཚན་པ་དང་། འགྲེམས་སྟོན་ཁང་གཉིས་ནས་ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༢༣ ནས་ཝཱ་རཱ་ཎ་སཱི་དང་གུ་ཇ་རཱཏ་ཀྱི་མཐོ་སློབ་ཁག་ཅིག་ཏུ་འགོ་འཛུགས་ཞུས་པའི་བོད་དོན་སྐོར་གོ་རྟོགས་ཀྱི་ལས་གཞི་དེ་བཞིན་ལེགས་གྲུབ་བྱུང་ཡོད། ལས་གཞི་དེའི་དམིགས་ཡུལ་ནི་འཕགས་བོད་གཉིས་ཀྱི་འབྲེལ་བ་ཡུན་གནས་ཡོང་ཐབས་དང་། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་སློབ་ཕྲུག་དང་དགེ་རྒན་རྣམས་ལ་གོ་རྟོགས་སྤེལ་རྒྱུ་ཡིན་པ་རེད།
ཕྱི་དྲིལ་ཞུ་གཏུག་ཚན་པའི་ལས་བྱེད་བསྟན་འཛིན་ཀུན་མཁྱེན་ལགས་དང་། རིན་ཆེན་ལགས་གཉིས་ཀྱིས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་སྐོར་འགྲེལ་བརྗོད་ཞིབ་ཕྲ་དང་། བོད་ནི་འཛམ་གླིང་ལ་གལ་གནད་ཆེ་ཚུལ་སྐོར་གསུང་བཤད་གནང་བ་དང་སྦྲགས། ཚོགས་བཅར་བ་རྣམས་ནས་བོད་ཀྱི་གནད་དོན་དྲིལ་བསྒྲགས་སླད་དུས་དེབ་དང་གསར་ཤོག་ཁག་ཏུ་རྩོམ་ཡིག་གང་མང་སྤེལ་རྒྱུའི་འབོད་སྐུལ་ཞུས་ཡོད།
ཕྱི་ཟླ་ ༠༩ ཚེས་ ༢༣ དང་ ༢༤ བཅས་ཉིན་གཉིས་རིང་ཝཱ་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ནས་ལས་རིམ་འགོ་ཚུགས་ཤིང་། སྐབས་དེར་དགེ་ལས་སློབ་ཕྲུག་བཅས་ཁྱོན་ ༢༥༠ མཉམ་ཞུགས་གནང་ཡོད་པ་དང་། མལ་ཝི་ཡ་ཤིག་ཤཱ་ནི་ཀེ་ཏན་མཐོ་སློབ་ཏུ་སློབ་ཕྲུག་གྲངས་ ༡༠༠ ནས་མཉམ་ཞུགས་གནང་། དེ་བཞིན་ཝཱ་རཱ་ཎ་སཱི་ཧིན་དྷུ་གཙུག་ལག་སློབ་གཉེར་ཁང་དུ་བོད་པའི་སློབ་ཕྲུག་གྲངས་ ༢༠ བཅས་ལ་གོ་རྟོགས་སྤེལ་ཐུབ་པ་བྱུང་ཡོད།
དེ་ནས་གུ་ཇ་རཱཏ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ ( Bharat Tibbat Sangh) ཚོགས་གཙོ་སྐུ་ཞབས་བྷ་ཝེ་ཤི་ཇོ་ཤི་ལགས་ཀྱི་འགོ་ཁྲིད་འོག་འཕགས་བོད་ཚོགས་པས་རྰཇ་ཀོཊ་དང་། ཇུ་ན་གདྷ་བཅས་སུ་བོད་དོན་གོ་རྟོགས་ཀྱི་གཏམ་བཤད་ལས་རིམ་གོ་སྒྲིག་གནང་བ་མ་ཟད། ཁོང་གིས་མངའ་སྡེ་འདིའི་ནང་དུ་འགྲུལ་བཞུད་དང་སྡོད་གནས་ཀྱི་མཐུན་རྐྱེན་དང་། ཕྱི་དྲིལ་ཞུ་གཏུག་ཚན་པའི་ལས་བྱེད་དང་ལྷན་དུ་གཙུག་ལག་སློབ་གཉེར་ཁང་འདྲ་མིན་དུ་ཕེབས་ནས་གོ་རྟོགས་སྤེལ་ཡོད།
ཕྱི་ཟླ་ ༠༩ ཚེས་ ༣༠ ཉིན་མཱ་ཧཱ་རཱ་ཇཱ་ས་ཡ་ཇི་རའོ་གཙུག་ལག་སློབ་གཉེར་ཁང་དུ་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་ཀྱི་ལས་གཞི་སྤེལ་བ་དེར་བོད་སློབ་གྲངས་ ༢༠ མཉམ་ཞུགས་གནང་ཡོད་པ་དང་། པཱ་རུལ་གཙུག་ལག་སློབ་གཉེར་ཁང་དུ་རྒྱ་གར་གྱི་དགེ་སློབ་གྲངས་ ༦༥ བཅས་ནས་མཉམ་ཞུགས་གནང་ཡོད།
ཕྱི་ཟླ་ ༡༠ ཚེས་ ༣ ཉིན་ (SMT Kansagara) མཐོ་སློབ་ཏུ་བུད་མེད་སློབ་ཕྲུག་ ༢༣༥ དང་། གཞན་ ༢༧། (VVP Engineering) མཐོ་སློབ་ཏུ་དགེ་ལས་དང་། སློབ་ཕྲུག་བཅས་ ༢༥༠། སཽ་རཤ་ཏྲ་གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་དང་སློབ་ཕྲུག་ ༦༥ བཅས་ནས་མཉམ་ཞུགས་གནང་།
ཕྱི་ཚེས་ ༠༤ ཉིན་ཇུ་ན་གདྷ་དུ་རྟེན་གཞི་བྱས་པའི་ཚོང་རིག་དང་ཁྲིམས་དོན་མཐོ་སློབ་ཏུ་བུད་མེད་སློབ་ཕྲུག་གྲངས་ ༡༢༠ དང་། དགེ་ལས་གྲངས་ ༢༢ མཉམ་ཞུགས་གནང་ཡོད་པ་དང་། བྷཀྟ་ནར་སིངྒ་མེ་ཏ་གཙུག་ལག་སློབ་གཉེར་ཁང་དུ་སློབ་ཕྲུག་གྲངས་ ༡༥༨ དང་། དགེ་ལས་གྲངས་ ༢༠། དེ་ནས་ཇུ་ན་གདྷ་སོ་ནམ་རིག་པའི་གཙུག་ལག་སློབ་གཉེར་ཁང་གི་ཉེ་བའི་རིགས་བདག་མཆོག་དང་ལྷན་མཇལ་མོལ་གནང་ཡོད་པ་བཅས།།