༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཨ་རིའི་རོགས་ཚོགས་ (USAID) གྱིས་མཐུན་འགྱུར་འོག་བོད་མིའི་སྤྱི་ཚོགས་ཁྲོད་རིག་གཞུང་སོར་ཆུད་ནུས་པ་གོང་སྤེལ་ (Strengthening Cultural Resilience of Tibetan Communities) ཞེས་པའི་ལས་གཞིའི་འོག་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་རིས་མེད་ཆོས་སྡེ་ཁག་ནང་བོད་ཀྱི་གནའ་བོའི་དཔེ་རྙིང་དང་དཔེ་དཀོན་ཁག་བཤེར་འབེབས་ཀྱིས་དེང་དུས་དང་མཐུན་པའི་ཉར་ཚགས་དང་བེད་སྤྱོད་སྟབས་བདེའི་སླད་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་ལས་གཞི་ཞིག་གོ་སྒྲིག་ཞུས་ཏེ་ཉེ་ཆར་་ཁྱབ་ཁོངས་ཆོས་སྡེ་དང་རིག་གཞུང་བསྟི་གནས་ཁག་ ༢༠ ནང་གྲངས་འཛིན་དཔེ་མཛོད་དང་འབྲེལ་བའི་སྦྱོང་བརྡར་ཁག་ལེགས་གྲུབ་བྱུང་བ་མ་ཟད། དཔེ་རྙིང་དང་ཡིག་ཆ་ཞིབ་འཇུག་དང་བཤེར་འབེབས་ལས་གཞི་དངོས་སུ་གོ་བཙུགས་ཞུ་ཐུབ་ཡོད།དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༥ ཚེས་ ༡༣ ནས་གོ་བཙུགས་ཀྱིས་ལོ་དང་པོ་འཆར་གཞིའི་ནང་དྷ་ས་ཁུལ་དང་། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ས་གནས་སྦེལ་ཀོབ་དང་། ཧུན་སོར། ཀོ་ལི་གྷལ། མོན་གྷོ་བཅས་སུ་རྟེན་གཞི་བྱས་པའི་བོད་ཀྱི་ཆོས་སྡེ་དང་། རིག་གཞུང་བསྟི་གནས་ཁག་ ༢༠ ནང་དུས་ཡུན་ཟླ་བཞི་དང་ཕྱེད་ཀའི་རིང་ཆོས་སྡེ་ཁག་གི་འབྲེལ་ཡོད་དཔེ་མཛོད་ལས་བྱེད་རྣམས་ལ་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་སྦྱོར་བརྡར་དང་། འཕྲུལ་ཆས་ཀྱི་མཐུན་འགྱུར་ཕུལ་ཡོད། ལས་ཡུན་དེའི་རིང་ཆོས་རིག་ལས་ཁུངས་དང་། རྒྱ་གར་གྱི་བཅོས་མའི་རིག་རྩལ་ཆེད་ལས་པ་ཝ་དྷ་ཝ་ཎི། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་བཅས་ཀྱི་ཆེད་ལས་པས་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་དཀར་ཆག་བཟོ་སྒྲིག་མཉེན་ཆས་ (Tibetan Library Management System) བེད་སྤྱོད་གནང་སྟངས་དང་། དཔེ་རྙིང་ཞིབ་འཇུག ཡིག་ཆ་བཤེར་འབེབས། དེ་བཞིན་འཕྲུལ་ཆས་བེད་སྤྱོད་གནང་སྟངས་སོགས་ཀྱི་སྐོར་སྦྱོང་བརྡར་དང་། དེ་བཞིན་ཆོས་སྡེ་ཁག་ནང་ཉིན་གྲངས་ཆ་བགོས་ཀྱིས་ཆོས་རིག་ལས་ཁུངས་ཀྱི་གྲངས་འཛིན་དཔེ་མཛོད་ལས་བྱེད་དངོས་སུ་མཉམ་ཞུགས་ཀྱིས་དཀར་ཆག་བཟོ་སྒྲིག་དང་ཡིག་ཆ་བཤེར་འབེབས་སོགས་གནང་ཡོད། ད་བར་ལས་འཆར་གྱི་ལོ་དང་པོའི་ནང་ཕྱག་དཔེ་ཁག་ ༥༠༠ ཙམ་གྱི་བཤེར་འབེབས་བྱས་ཐུབ་ཡོད་ལ། དཔེ་སྒྲོམ་ ༢༠༠༠ ལྷག་དང་མ་དེབ་ ༧༠,༠༠༠ ལྷག་ལ་གསང་བའི་དྲྭ་མིག་ (QR Code) སྦྱར་ཐུབ་པ་བྱུང་ཡོད། །
གསར་གནས།
འབྲེལ་གནས།