༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༦ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག རྒྱ་གར་ལྷོ་ཕྱོགས་སུ་དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཀྱི་ཟབ་སྦྱོང་སྦེང་ལོར་གྲོང་ཁྱེར་དུ་ཆགས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་དབུ་འཛུགས་ཞུས་ཡོད།
དེ་ཡང་ཟབ་སྦྱོང་གི་དབུ་འབྱེད་མཛད་སྒོའི་ཐོག་མར་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ནས་ཕེབས་བསུ་དང་སྦྲགས། ཟབ་སྦྱོང་གི་དམིགས་ཡུལ་དང་། བོད་རིགས་གཞོན་སྐྱེས་རྣམས་ནས་བོད་དོན་ཞུ་གཏུག་ལས་འགུལ་ནང་མཉམ་ཞུགས་གནང་རྒྱུའི་གལ་གནད་སྐོར་གསུངས་རྗེས་སྐུ་མགྲོན་གཙོ་བོ་ལྷོ་སྤྱི་འཇིགས་མེད་ཚུལ་ཁྲིམས་ལགས་ནས་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་གནང་བཞིན། བཙན་བྱོལ་རང་དབང་ལུང་པའི་ནང་ཡོད་པའི་གཞོན་སྐྱེས་རྣམས་ནས་བོད་དོན་འཐབ་རྩོད་ལ་འགན་ཁུར་ལྡན་པའི་ཐོག་ཞུ་གཏུག་གནང་རྒྱུ་གལ་གནད་ཆེན་པོ་ཡིན་པ་དང་། ལྷག་པར་རྒྱ་གར་གྱི་མཐོ་སློབ་འགྲིམས་བཞིན་པའི་བོད་ཕྲུག་རྣམས་ནས་རྒྱ་གར་གཞོན་སྐྱེས་ལྷན་འབྲེལ་ལམ་བཟོས་ཏེ་བོད་དོན་གོ་རྟོགས་སྤེལ་དགོས་པའི་ལམ་སྟོན་གནང་ཡོད། དེ་བཞིན་ཁོང་གིས་གཞོན་སྐྱེས་རྣམས་ནས་འགན་ཁུར་ལྡན་པའི་བོད་དོན་ཞུ་གཏུག་བྱ་བར་བོད་ཀྱི་ཆོས་དང་རིག་གཞུང། ལོ་རྒྱུས། བོད་མིའི་སྒྲིག་འཛུགས་སྐོར་སློབ་སྦྱོང་བྱ་རྒྱུ་གལ་འགངས་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད། དབུ་འབྱེད་མཛད་སྒོ་གྲུབ་མཚམས་ཚོགས་ཐུན་དང་པོར་བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ལྟེ་གནས་ཁང་གི་ངེས་སྟོན་པ་ཀརྨ་ལེགས་བཤད་ལགས་ནས་ཞུ་གཏུག་དང་། འགོ་ཁྲིད། འཚེ་བ་མེད་པའི་འབྲེལ་ལམ་ཞེས་པའི་བརྗོད་གཞིའི་ཐོག་སྦྱོང་བརྡར་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བོད་རིགས་གཞོན་སྐྱེས་རྣམས་ལ་ཞུ་གཏུག་དང་། འགོ་ཁྲིད་ནུས་རྩལ། འབྲེལ་ལམ་སོགས་ཉེར་མཁོའི་ནུས་རྩལ་སློབ་སྟོན་གྱིས་གཞོན་སྐྱེས་ཚོའི་ནུས་པ་གོང་མཐོར་གཏང་རྒྱུ་ཡིན་པ་ལྟར། ཟབ་སྦྱོང་ནང་གཙུག་ལག་སློབ་གཉེར་ཁང་དང་མཐོ་སློབ་གྲངས་བརྒྱད་ནས་སློབ་གཉེར་བ་ ༣༥ མཉམ་ཞུགས་གནང་ཡོད་ལ། ཉིན་གྲངས་གཉིས་ཀྱི་ཟབ་སྦྱོང་ནང་ཚོགས་བཅར་བ་རྣམས་ལ་ནུས་རྩལ་གོང་མཐོར་གཏང་རྒྱུ་དང་། འབྲེལ་ལམ། ཞུ་གཏུག་འཆར་གཞི་སྒྲིག་སྟངས་སོགས་ཀྱི་སྐོར་སློབ་སྟོན་བྱ་རྒྱུ་ཡིན།
ཟབ་སྦྱོང་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་བོད་དོན་ཞུ་གཏུག་ལས་དོན་ཆེད་བོད་རིགས་གཞོན་སྐྱེས་རྣམས་གསོ་སྐྱོང་གནང་རྒྱུའི་འཆར་གཞི་དགོངས་དོན་གོ་སྒྲིག་གནང་བ་ཞིག་ཡིན་པ་དང་། གོ་སྒྲིག་གནང་མཁན་ཡོངས་ཕྱི་དྲིལ་ལས་བྱེད་རིན་ཆེན་ལགས་དང་། ཚེ་བརྟན་སྒྲོལ་མ་ལགས། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ངག་དབང་ཆོས་ལྡན་ལགས་བཅས་ཡོད་པ་བཅས།།