༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལས་ཁུངས་དང་ར་མི་ཧ་གཙུག་ལག་སློབ་གཉེར་ཁང་ (M.S Ramaiah University of Applied Sciences) གི་རྒྱལ་ཡོངས་བདེ་འཇགས་ཞིབ་འཇུག་བསྟི་གནས་ཁང་ (Centre for National Security Studies) ཟུང་སྦྲེལ་གྱི་གོ་སྒྲིག་འོག བོད་དང་རྒྱ་གར་གྱི་འབྲེལ་ལམ་དང་མ་འོངས་ཁ་ཕྱོགས། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་བསྐོང་ཚོགས་གནང་ཡོད།
བགྲོ་གླེང་ཚོགས་འདུ་དེའི་ནང་རྒྱ་གར་དང་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང་། ཆབ་སྲིད་ཀྱི་འབྲེལ་ལམ་སྐོར་དང་། མ་འོངས་པར་རྒྱ་གར་དང་བོད་བར་གྱི་འབྲེལ་ལམ་མུ་མཐུད་གོང་མཐོར་གཏོང་ཕྱོགས་སྐོར་བགྲོ་གླེང་ལྷུག་པོ་བྱུང་ཡོད། དེ་ཡང་ཚོགས་འདུའི་ཐོག་མར་ཕྱི་དྲིལ་བོད་དོན་ཞུ་གཏུག་ཚན་པའི་འགན་འཛིན་འབྲུག་བསྟན་སྐྱིད་ལགས་ཀྱིས་ཕེབས་བསུ་དང་འབྲེལ། ར་མི་ཧ་གཙུག་ལག་སློབ་གཉེར་ཁང་ནས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ལྷན་མཉམ་ལས་གནང་བར་ཐུགས་རྗེ་ཞུས་པ་མ་ཟད། འབྱུང་འགྱུར་ཕྱོགས་གཉིས་ཀྱི་འབྲེལ་ལམ་གོང་མཐོར་འགྲོ་རྒྱུའི་རེ་བ་ཆེན་པོ་ཡོད་པ་གསུངས།
དེ་རྗེས་སྐུ་ཞབས་ཧབ་ལི་ཀར་ (P M Heblikar) ལགས་ཀྱིས་གསུང་བཤད་གནང་ཞིང་། ཁོང་གིས་གཙོ་བོ་བོད་དང་རྒྱ་གར་གྱི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་ལམ་ཐོག་གསུང་བཤད་གནང་ཡོད། དབུ་འབྱེད་མཛད་སྒོ་གྲུབ་བསྟུན་ཚོགས་ཐུན་དང་པོར་ཀ་རིསི་ཊི་གཙུག་ལག་སློབ་གྲྭའི་(Christ University) ཉེ་བའི་སློབ་དཔོན་ཆེན་མོ་ཟུར་པ་བྷི་ཨེམ་ཆེང་ག་པ་ (B M Chengappa) ལགས་ཀྱིས་གཙོ་སྐྱོང་གནང་ཐོག ཤིབ་ན་དར་མཐོ་སློབ་ཀྱི་ཧི་མ་ལ་ཡའི་སློབ་སྦྱོང་མཆོག་འཛིན་ལྟེ་གནས་ (Centre of Excellence for Himalayan Studies, Shiv Nadar Institute of Eminence) ཀྱི་མཁས་པ་སྐུ་ཞབས་ཀི་ལོ་ཌི་ཨར་པི་ (Claude Arpi) ལགས་དང་། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རིགས་སྡེ་འགན་འཛིན་ངག་དབང་རྒྱ་མཚོ་ལགས། རྒྱ་གར་དམག་དཔུང་གི་མེ་སྒྱོགས་སྡེ་ཚན་གྱི་སྤྱི་ཁྱབ་འགན་འཛིན་ཟུར་པ་དང་ཨཡི་ཨཡི་ཊི་མད་རཱ་སིའི་ (IIT Madras) སློབ་དཔོན་ཤང་ཀར་ (Lt. Gen P R Shankar) ལགས་བཅས་ཀྱིས་རྒྱ་གར་དང་བོད་ཀྱི་བར་གྱི་གནའ་བོའི་ཆོས་ཕྱོགས་ཀྱི་འབྲེལ་བ་དང་། ཕྱི་ལོ་ ༡༩༥༠ ལོའི་སྔོན་གྱི་ཆིངས་ཡིག་དང་གྲོས་མཐུན། རྒྱ་དཀར་ནག་གི་འབྲེལ་བའི་ཐོག་བོད་ཀྱི་ཤུགས་རྐྱེན་བཅས་ཀྱི་སྐོར་ལ་གསུང་བཤད་གནང་ཡོད།
ཉིན་རྒྱབ་མ་འོངས་བོད་ཀྱི་གནད་དོན་དང་། རྒྱ་གར་གྱི་བྱེད་སྒོ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། སྐབས་དེར་ཏཀ་ཤ་ཤི་ལ་བསྟི་གནས་ཁང་གི་རྒྱ་ནག་ཞིབ་འཇུག་ཁང་(China Studies at the Takshashila Institute) གི་ཆེད་ལས་པ་མ་ནོཇ་ཀེ་ཝལ་ར་མ་ནི་ (Manoj Kewalramani) ལགས་དང་། རྒྱ་གར་ཐབས་བྱུས་སྦྱོང་བརྡར་ལས་གཞིའི་ (Indian Strategic Studies Program, CNSS) འགན་འཛིན་བྷ་ལ་སུབ་ར་མ་ནི་ཡན་ (Balasubramanian C) ལགས། བོད་མིའི་སྒྲིག་འཛུགས་ཀྱི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ་ལགས་བཅས་ཀྱིས་རྒྱ་གར་གྱི་ཕྱི་འབྲེལ་ལས་འགན་དང་། རྒྱ་ནག་དང་ལྷན་དུ་འབྲེལ་བ་སྙོམས་པར་ཐབས་བྱུས་སྒྲིག་སྟངས། བཙན་བྱོལ་བོད་མིའི་ལས་འགན། རྒྱ་དཀར་ནག་བར་གྱི་ས་ཁམས་ཆབ་སྲིད་ཀྱི་འཁྲུག་ཆ་དང་ཡར་ཀླུངས་གཙང་པོའི་ཆུ་བོའི་ཆབ་སྲིད་བཅས་ཀྱི་སྐོར་བགྲོ་གླེང་ལྷུག་པོ་གནང་ཡོད། དེ་བཞིན་གཏམ་བཤད་པ་རྣམས་ཀྱིས་བོད་ཀྱི་ཆབ་སྲིད་ཀྱི་གནས་བབ་ཀྱི་མ་འོངས་པ་དང་བོད་མཐོ་སྒང་གི་ཁོར་ཡུག་ཉམས་ཆག་སྐོར་ལའང་གྲོས་བསྡུར་གནང་ཡོད།
ཚོགས་འདུའི་མཇུག་ཏུ་རྒྱལ་ཡོངས་བདེ་འཇགས་ཞིབ་འཇུག་བསྟི་གནས་ཁང་ (Centre for National Security Studies) གི་ངེས་སྟོན་པ་པྲ་སཊ་ (JV Prasad) ལགས་ཀྱིས་མཇུག་སྡོམ་གསུང་བཤད་དང་འབྲེལ། བོད་མི་རྣམས་ནས་ཞུ་གཏུག་ལས་འགུལ་ལ་ཤུགས་སྣོན་རྒྱག་དགོས་པའི་ལམ་སྟོན་གནང་ཡོད་པ་བཅས།།