༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༣ ཉིན་སྡེ་ར་ལྡུན་རཱཇ་པུར་དུ་རྟེན་གཞི་བྱས་པའི་དཔལ་ས་སྐྱའི་ཆོས་སྒར་དུ། དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གི་སྐུའི་གྱ་སྟོན་དང་བསྟུན། དཔལ་ལྡན་ས་སྐྱ་པའི་ལྷ་སྡེ་མི་སྡེ་སྤྱི་མགྲིན་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།
སྐབས་དེར་དཔལ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱ་གོང་མ་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག འཁོན་གདུང་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག གདུང་སྲས་ཨ་བྷ་ཡ་བཛྲ་རིན་པོ་ཆེ་མཆོག དཔལ་ས་སྐྱ་པའི་ས་ངོར་ཚར་གསུམ་གྱི་བླ་ཆེན་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག སྤྱི་མཐུས་ཚོགས་གཙོ་ཟུར་པ་པདྨ་འབྱུང་གནས་མཆོག སྤྱི་འཐུས་ཚོགས་གཞོན་ཟུར་པ་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག བཀར་ཟུར་ཁག་གཅིག ལས་བྱེད་འདེམས་ལྷན་ཚོགས་གཙོ་ཀརྨ་ཡེ་ཤེས་ལགས། སྤྱི་འཐུས་རྒྱུན་ལས་རྣམ་པ། སྤྱི་ཟུར་ཁག་ཅིག དགའ་ལྡན་ཕོ་བྲང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས་སོགས་རྒྱ་གར་དང་བོད་རིགས་གནད་ཡོད་སྐུ་མགྲོན་ཁག་ཅིག་ཕེབས་ཞུགས་གནང་ཡོད།
ཉིན་རྒྱབ་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་དཔལ་ས་སྐྱ་གོང་མ་ཁྲི་འཛིན་ ༤༢ རཏྣ་བཛྲ་རིན་པོ་ཆེ་མཆོག དཔལ་ས་སྐྱ་གོང་མ་ཁྲི་འཛིན་ ༤༣ ཛྙ་ན་བཛྲ་རིན་པོ་ཆེ་མཆོག་དབུས་པའི་ཕོ་བྲང་གཉིས་ཀྱི་འཁོན་གདུང་རྣམ་པ་དབུ་བཞུགས་ཐོག་གང་སྐུ་གུང་གྲངས་བརྒྱད་བཅུར་ཕེབས་པའི་སྐུའི་གྱ་སྟོན་བརྟན་བཞུགས་ཀྱི་ཕྱི་ལུགས་མཛད་སྒོ་འཚོགས་གནང་ཡོད་པ་ལྟར། མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཨུ་ཏར་ཁནྚ་མངའ་སྡེའི་སྤྱི་ལས་སྡེ་ཁག་དང་། རིག་གཞུང་། ཡུལ་སྐོར་སྤྲོ་འཆམ་བཅས་ཀྱི་བློན་ཆེན་སཏྤལ་ཇི་མ་ཧཱ་རཱཇ་མཆོག་དང་། དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་བསྟན་འཕེལ་མཆོག ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོག་མཆོག་གཙོས་པའི་བླ་སྤྲུལ་མཁན་པོ་རྣམ་པ་དང་། བསྟན་བདག་བླ་ཆེན་རྣམ་པའི་སྐུ་ཚབ། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་ལས་ཟུར་རྣམ་པ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་སྐུ་མགྲོན། སེར་སྐྱ་མི་མང་ཚང་འཛོམས་ཀྱིས་སྐུའི་གྱ་སྟོན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་སྒྲོགས་སྦྱང་གནང་དོན། ས་སྐྱ་༸གོང་མ་ཁྲི་ཆེན་༸སྐྱབས་མགོན་༸ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་བརྒྱད་ཅུར་ཕེབས་པའི་༸སྐུའི་འཁྲུངས་སྐར་ལ་སྒོ་གསུམ་གུས་འདུད་དང་བཅས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག དེ་རིང་གི་མཛད་སྒོ་འདིའི་ཐོག་ཆེད་དུ་ཕེབས་པའི་ས་སྐྱ་༸ཁྲི་འཛིན་ ༤༣ པ་མཆོག་དང་། ས་སྐྱ་༸ཁྲི་འཛིན་ ༤༢ པ་མཆོག་གིས་དབུས་བདག་མོ་རྣམ་པ་དང་། འཁོན་གདུང་སྲས་སྲོས་རྣམ་པ། སྐུ་འཁོར་ལས་སྣེ་རྣམ་པ། ཕྱི་ནང་སྐུ་མགྲོན་རྣམ་པ། སེར་སྐྱ་མི་མང་བཅས་ལ་མཛའ་བརྩེའི་འཚམས་འདྲི་ཞུ་གི་ཡོད།
དཔལ་ལྡན་ས་སྐྱ་བ་ནི། བོད་གངས་ཅན་གྱི་ལྗོངས་སུ་ཆོས་སྲིད་རིག་གནས་གང་ཅིར་མཛད་རྗེས་ཀྱི་རྡོ་རིང་དགུང་ལ་ཟུག་པའི་སྒྲིག་འཛུགས་རླབས་ཆེན་ཞིག་སྟེ། ས་སྐྱ་༸གོང་མ་རྣམ་ལྔས་དབུས་༸ཚར་དུ་དངར་བའི་བདག་ཁྲི་རིམ་བྱོན་དང་། རིག་པའི་ཀློང་བརྡོལ་བའི་སྐྱེས་ཆེན་དམ་པ་ཟམ་མ་ཆད་པ་རིམ་པར་བྱོན་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པས། གངས་རིའི་ལྗོངས་སུ་བསྟན་པ་ཕྱི་དར་གྱི་རྨང་གཞི་བརྟན་པོར་བཙུགས་ཏེ་དར་སྤེལ་གྱི་སྒོ་འཕར་ཡངས་པོར་ཕྱེས་ཤིང་། རིག་པའི་གནས་བཅུར་འཆད་རྩོད་རྩོམ་གསུམ་གྱི་ཤིང་རྟའི་སྲོལ་བཟང་ལེགས་པར་ཕྱེས་པ་མ་ཟད། པཎྜིཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དང༌། འགྲོ་མགོན་ཆོས་རྒྱལ་འཕགས་པ་ཡབ་སྲས་ཀྱིས་ཆེན་པོ་ཧོར་གྱི་རྒྱལ་འབངས་རྣམས་ལ་ཆོས་སྦྱིན་ཟད་མི་ཤེས་པས་ཚིམས་པར་མཛད་དེ། རྒྱའི་མི་ཡུར་ཆེན་མོ་བཅད་པས་རྒྱ་རིགས་ཁྲི་འབུམ་མང་པོར་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྩལ་ཅིང༌། བོད་སིལ་བུའི་དུས་རབས་མཇུག་ བསྡུས་ཏེ་བོད་ཆོལ་ཁ་གསུམ་ལ་ཆབ་སྲིད་ཀྱི་བདག་དབང་གཅིག་གྱུར་མཛད་པའི་བྱིན་མཐུ་ལ་བརྟེན་ནས། ང་ཚོ་བོད་མི་རིགས་འདི་ད་དུང་ཡང་འཛམ་གླིང་གི་ཡང་རྩེར་མི་རིགས་ཀྱི་ཁྱད་ཆོས་འབུར་དོད་ཀྱི་ཐོག་ནས་འཚོ་གནས་བྱེད་ཐུབ་པའི་གཞི་མ་བརྟན་པོ་འཛུགས་བཞེངས་གནང་ཐུབ་ཡོད།
༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་བཙན་བྱོལ་དུ་ཞབས་བཅགས་མཛད་དེ་ད་ལྟའི་བར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་མཆོག་དམན་ཚང་མའི་མཐུན་སྣང་དུ་མཇལ་རྒྱུ་ཡོད་པ་ཞིག་ནི། ཐོག་མཐའ་བར་གསུམ་དུ་གཡོ་འགུལ་མེད་པའི་ངང་ནས་སྤྱི་ནོར་༸གོངས་༸སྐྱབས་མགོན་༸རྒྱལ་བའི་དབང་པོའི་དབུ་འོག་དཔུང་འདེགས་ཀྱི་མཛད་འཕྲིན་རྒྱུན་ཆགས་སུ་བསྐྱངས་དང་སྐྱོང་བཞིན་འདི་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་ཀྱི་བགྱི་སྒོ་མཐའ་དག་ལའང་ཐུགས་བརྩེ་འདོར་མེད་ཀྱི་ཐོག་ནས་རྒྱབ་སྐྱོར་གནང་དང་གནང་བཞིན་པའི་བཀའ་དྲིན་ནི། ལས་སྣེ་འབྲེལ་ཐོགས་ཀུན་གྱིས་བསྐལ་པའི་བར་གཞལ་ཐབས་མེད་པ་ཞིག་ཡིན།
ཚང་ལ་མ་ནོར་བའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འཇིག་རྟེན་མཐའ་དབུས་ཡོངས་སུ་དར་ཁྱབ་མཛད་པའི་ྋསྐྱབས་མགོན་ས་སྐྱྋགོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་གངས་ཅན་གྱི་ལྗོངས་འདིར་གྲགས་པ་འབར་བའི་ཆོས་བརྒྱུད་རིས་མེད་ཀྱི་བསྟན་འཛིན་སློབ་ཚོགས་མང་དུ་བསྐྱངས་ཏེ་རྒྱལ་བསྟན་སྤྱི་དང༌། ལྷག་པར་དཔལ་ས་སྐྱ་པའི་རྣམ་ཐར་གྱི་ཆ་ཤས་ཕྲ་མོ་ཙམ་དྲན་ངོགས་སུ་འདྲེན་ཐབས་ཞུ་བ་ལ། དུས་འགྱུར་མི་བཟད་པའི་དབང་གིས་རང་ཅག་རྣམས་རང་ཡུལ་ཤོར་ནས་མི་ཡུལ་འགྲིམས་པའི་དཀའ་རྙོག་སྣེ་འཛིང་བའི་གནས་སྐབས་སུའང༌། ྋསྐྱབས་མགོན་ྋགོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་ཐུགས་སྟོབས་གོ་ཆ་བཙན་པོར་བགོས་ཏེ། བཙན་བྱོལ་དུ་ས་སྐྱའི་དགོན་སྡེ་ཁག་བསྐྱར་བཞེངས་དང་བསྟུན། དེ་དག་ཏུ་གནའ་དེང་ཤེས་ཡོན་ཟུང་འབྲེལ་གྱི་ཐོག་ནས་དུས་རབས་ཀྱི་དགོས་མཁོ་དང་མཐུན་པའི་སློབ་གཉེར་ལམ་ལུགས་གསར་འཛུགས་དང༌། ས་སྐྱའི་བཙུན་དགོན་ཁག་ཏུ་སྦྱངས་པ་ཐོན་པའི་བཙུན་མ་རྣམས་ལ་སློབ་དཔོན་མ་དང་མཁན་མོའི་མཚན་གནས་གསོལ་སྩལ་གྱི་ལམ་སྲོལ་གསར་གཏོད། ཡུ་རོབ་དང་། ཨ་རི། ལྷོ་ཤར་ཨེ་ཤི་ཡ་སོགས་འཛམ་གླིང་ཡུལ་གྲུ་གང་སར་ཆོས་ཚོགས་གསར་འཛུགས་གནང་བ་བརྒྱུད་ནས་སྤྱི་ཚོགས་ཕན་ཚུན་དཔལ་ཡོན་སྤེལ་རེས་ཀྱི་དགེ་ཚོགས་རྒྱ་ཆེར་བསྐྲུན་ཅིང་། དེ་བཞིན་ས་སྐྱའི་ཁྲི་འཛིན་ལམ་ལུགས་ལ་བཅོས་བསྒྱུར་གནང་བ་དེ་ཡང་ཕྱི་གསལ་ནང་གསལ་དང་། ལུགས་མཐུན། ཕུགས་འཕེར། དྲང་བདེན་གྱི་ཁྱད་ཆོས་ལྡན་པའི་ཐོག་ཕོ་བྲང་གཉིས་ཀའི་དགོངས་མཉམ་བྱུང་བའི་རྨད་བྱུང་གི་ཐག་གཅོད་སོགས་ཆོས་སྲིད་གང་ཅིར་རླབས་ཆེན་གྱི་མཛད་འཕྲིན་མཐའ་ཡས་པ་ཞིག་བསྐྱངས་དང་སྐྱོང་ བཞིན་ཡོད།
གུས་པ་སྒེར་ལ་མཚོན་ན། ཕྱི་ལོ་ ༢༠༠༩ ལོར་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་མཛད་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་དང༌། ཕྱི་ལོ་ ༢༠༢༢ ལོར་ས་སྐྱ་མཐོ་རིམ་སློབ་གྲྭ་ཆེན་མོ་དབུ་བརྙེས་ནས་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན། དེ་རིང་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་རྟེན་འབྲེལ་མཛད་སྒོ་བཅས་པར་བཅར་ཞུགས་ཀྱི་སྐལ་བཟང་གི་གོ་སྐབས་ཐོབ་པ་མ་ཟད། ད་རེས་གྱ་སྟོན་མཛད་རིམ་ཁོངས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་བརྟན་བཞུགས་བསྡུས་པ་ཞིག་འབུལ་འཐུས་དགོངས་འཁྲོལ་བྱུང་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན། འཁྲུངས་སྐར་དུས་སྟོན་སྲུང་བརྩི་ཞུ་རྒྱུའི་སྙིང་དོན་ནི། ༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ལ་བཀའ་དྲིན་རྗེས་སུ་དྲན་པ་དང༌། ༸གོང་མ་ཁྲི་ཆེན་མཆོག་གི་བཀའ་སློབ་ལམ་སྟོན་རྣམས་ཉམས་ལེན་ལག་བསྟར་ཅི་ཐུབ་ཞུ་རྒྱུ་དེ་ཡིན་པས། སློབ་འབངས་ཀུན་གྱིས་དེ་ལུགས་ཡིད་འཇོག་གནང་རྒྱུར་རེ་སྐུལ་ཞུ་རྒྱུ་དང་།
སླར་ཡང་། ༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གི་སྐུའི་འཁྲུངས་སྐར་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་བཅས།།