༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༤ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དྷ་རམ་ས་ལའི་ནང་རྟེན་གཞི་བྱས་པའི་ཧི་མ་ཅལ་དབུས་གཙུག་ལག་སློབ་གཉེར་ཁང་དུ་འཚོགས་པའི་ཧིམ་གློག་བརྙན་དུས་སྟོན་གྱི་མཇུག་སྡོམ་མཛད་སྒོའི་སྐུ་མགྲོན་དུ་མགྲོན་འབོད་ལྟར་ཕེབས་ཞུགས་གནང་ཡོད། སྐབས་དེར་ཧི་མ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་སུ་དིར་ཤར་མ་ (Sudhir Sharma) ལགས་དང་། སྙན་གྲགས་ཆེ་བའི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་མ་ནོཇ་ཇོ་ཤཱི་ (Manoj N. Joshi) ལགས་གཅོས་པའི་སྐུ་མགྲོན་དང་། སློབ་ཕྲུག གློག་བརྙན་དོན་གཉེར་བ་སོགས་མཉམ་ཞུགས་གནང་ཡོད་པ་རེད།
དུས་སྟོན་ཐོག་དཔལ་ལྡན་སྲིད་སྐྱོང་མཆོག་གི་གསུང་བཤད་གནང་སྐབས་ཉེ་ལམ་ཛུ་རིག་གློག་བརྙན་དུས་སྟོན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེའི་མཛད་པ་དང་འབྲེལ་བའི་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ (Wisdom of Happiness) ཅེས་པ་གཟིགས་འབུལ་ཞུ་སྐབས་གང་ཉིད་ལྷན་ཞུགས་གནང་བའི་མྱོང་ཚོར་དང་། དངོས་བྱུང་གློག་བརྙན་དེ་ཉིད་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དངོས་སུ་བཅར་འདྲི་ཞུས་ཏེ་བཟོ་སྒྲིག་གནང་བ་ཞིག་ཡིན་ཞིང་། དེ་ཉིད་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་རི་ཅཊ་གྷི་རི་(Richard Gere) ལགས་ཀྱིས་མཉམ་སྦྲེལ་ཐོག་དཔལ་འབྱོར་མཐུན་འགྱུར་གནང་སྟེ་བཟོ་སྐྲུན་འགྲེམས་སྤེལ་གནང་ཡོད་པ་གསལ་བཤད་གནང་བའི་ཐོག རིང་མིན་གློག་བརྙན་དེ་རྒྱ་གར་ནང་ཐོག་མར་དྷ་སྟེང་བོད་ཁྱིམ་སློབ་གྲྭར་གཟིགས་འབུལ་ཞུ་རྒྱུ་ཡིན་པས། དོན་གཉེར་བ་རྣམས་ནས་གཟིགས་ཏེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་སྙིང་རྗེའི་སྐོར་གྱི་བཀའ་སློབ་ལམ་སྟོན་ཁག་དྲིལ་བསྒྲགས་གནང་དགོས་པའི་རེ་སྐུལ་གནང་ཡོད།
ཕྱོགས་མཚུངས་སྐུ་མགྲོན་གཞན་རྣམས་ནས་ཀྱང་ཧིམ་གློག་བརྙན་དུས་སྟོན་དང་འབྲེལ་བའི་སྐོར་རང་ཉིད་ཀྱི་མྱོང་ཚོར་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་བཅས།།