༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༥ ཉིན་ ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ཉིན་མཐའ་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་པ་རག་(Prague Congress Centre) བསྟི་གནས་ཁང་དུ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལས་ཁུངས་ཀྱི་གཙོ་འཛིན་སྐུ་ཞབས་མི་ལན་ཝ་སི་ན་ (Milan Vašina) ལགས་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་གྲོས་མོལ་དང་། ལྷག་པར་སྲིད་སྐྱོང་མཆོག་གིས་ཉེ་ལམ་ཨ་རི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་ནང་དོན་ངོ་སྤྲོད་དང་འབྲེལ། དེ་མཚུངས་ཀྱི་ཁྲིམས་ཡིག་ཡུ་རོབ་རྒྱལ་ཁབ་ཚོས་གཏན་འབེབས་གནང་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་གསུངས།
གཞན་ཡང་གྲོས་མོལ་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ ༢༠༠༠ ཞི་བདེའི་གླེང་སྟེགས་དེ་ཆབ་སྲིད་དང་མང་གཙོའི་གནད་དོན་སྐོར་བགྲོ་གླེང་གནང་ས་ཞིག་ཡིན་ནའང་། གྲོས་ཚོགས་འཐུས་མི་དང་། གནད་ཡོད་མི་སྣ་ཁག་ཅིག་ནས་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ལྷན་ཐུག་རྒྱུར་འཛེམ་ཟོན་བྱེད་ཀྱི་ཡོད་སྐོར་གསུངས། སྐུ་ཞབས་མི་ལན་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་མ་ཟད། ཅེཀ་གཞུང་ངོས་ནས་བོད་དོན་འབྲེལ་བའི་ལས་གཞི་ཁག་ཅིག་སྒྲིག་བཞིན་ཡོད་པ་དང་། དེའི་ནང་གཙོ་བོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་ལོ་ ༩༠ ཕེབས་པའི་འཁྲུངས་སྐར་སྲུང་བརྩི་ཞུ་ཕྱོགས་སྐོར་ཡིན་པ་གསུངས་ཡོད།
དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་ལ་ཅེཀ་སྤྱི་མཐུན་རྒྱལ་ཁབ་དང་རྒྱ་ནག་བར་གྱི་ཚོང་འབྲེལ་སྐོར་དང་། ལྷག་པར་རྒྱ་ནག་གཞུང་ལ་ཚོང་འབྲེལ་དེ་ལ་བརྟེན་ནས་ཁེ་བཟང་ཡོད་ནའང་། ཅེཀ་གཞུང་ལ་ཉོ་ཚོང་ཆ་སྙོམས་མེད་པའི་རྐྱེན་གྱིས་དཀའ་ངལ་འཕྲད་ངེས་ཡིན་ཞིང་། རྒྱ་ནག་གཞུང་གིས་ཐབས་བྱུས་ལྡན་པའི་ཐོག་རྒྱལ་སྤྱི་ཁྱོན་ཡོངས་སུ་ཚོང་འབྲེལ་ལ་བརྟེན་ནས་རྒྱལ་ཁབ་གཞན་རྣམས་རྒྱ་ནག་ལ་མ་བརྟེན་རང་བརྟེན་བཟོས་ཏེ། རྒྱ་ནག་གི་ཤུགས་རྐྱེན་སྤྲོད་ཐབས་འབད་རྩོལ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་པ་རེད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཇན་ལེ་པ་ས་ཀི་ (Jan Lipavský) མཆོག་དང་མཇལ་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝ་ཀེ་ལེབ་ཧ་བེལ་ (Václav Havel) མཆོག་བར་གྱི་མཛའ་འབྲེལ་ལ་བརྟེན་ནས་བོད་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་བར་གྱི་འབྲེལ་བ་འགོ་ཚུགས་པ་དང་། དེ་ལྟ་བུའི་ལོ་རྒྱུས་རང་བཞིན་ལྡན་པའི་འབྲེལ་བ་དེ་ནི་ཕྱོགས་གཉིས་ཐུན་མོང་གིས་རང་དབང་དང་། དྲང་བདེན། མོས་གུས་ལྟ་བུའི་རིན་ཐང་གཙིགས་ཆེར་འཛིན་གྱི་ཡོད་པས་གྲུབ་ཅིང་། དེ་དག་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་གཞི་རྩའང་ཡིན་པ་གསུངས། དེ་མ་ཟད་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གོ་སྟོན་སྲུང་བརྩི་དང་འབྲེལ་ཏེ། མགོན་པོ་མཆོག་དང་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཟུར་པ་ཝ་ཀེ་ལེབ་ཧ་བེལ་ (Václav Havel) མཆོག་བར་གྱི་མཛའ་བརྩེའི་འབྲེལ་ལམ་དྲན་གསོ་ཞུ་རྒྱུའི་མཛད་སྒོ་གོ་སྒྲིག་ཞུ་འཆར་ཡོད་སྐོར་གསུངས། མཇལ་མོལ་དེ་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ ༢༠༠༠ ཞི་བདེའི་གླེང་སྟེགས་ཐོག་ཨ་རིའི་རྒྱལ་ཡོངས་མང་གཙོ་ཁྱབ་སྤེལ་བསྟི་གནས་ཁང་ (National Endowment for Democracy) གསར་འཛུགས་གནང་མཁན་ཀལ་གྷེ་རེ་ཤ་མན་ (Carl Gershman) ལགས་དང་ལྷན་དུ། བོད་ཀྱི་མ་འོངས་པའི་གནས་བབ་སྐོར་བགྲོ་གྲེང་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་ནས་བོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ཡིན་ལུགས་ཤོད་ཀྱི་ཡོད་ནའང་། བོད་ནང་གི་བོད་མི་ཚོས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པར་བརྟེན་རང་ལུས་མེར་སྲེག་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་། དེ་བཞིན་སྲིད་སྐྱོང་མཆོག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་འཕྲོད་བཞེས་སྐོར་བཀའ་དྲི་ཞུ་དུས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་མགོན་པོ་མཆོག་ད་ལྟ་སྐུ་ཁམས་གསལ་ཐང་ཡིན་པ་མ་ཟད། སྐུ་ཚེ་ཡུན་རིང་བརྟན་རྒྱུའི་ཞལ་བཞེས་གནང་ཡོད་པ་གསུངས། དེ་ལས་འཕྲོས་ཏེ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་སྔར་རྒྱ་ནག་རྒྱལ་ཁབ་སྐྱོ་བོ་ཞིག་ཡིན་ནའང་། ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་གསོ་སྐྱོང་བྱས་པར་བརྟེན་ད་ལྟ་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་བསྒྱུར་ཏེ། འཛམ་གླིང་རྒྱལ་ཁབ་མང་པོ་ཐུབ་ཚོད་གཏོང་གི་ཡོད་པ་གསལ་བཤད་དང་སྦྲགས། རྗེས་ལོའི་ ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་བརྗོད་གཞིར། མང་གཙོའི་རྒྱལ་ཁབ་ཚོས་སྲིད་དབང་སྒེར་འཛིན་རིང་ལུགས་སྲ་བརྟན་དུ་གཏོང་གི་ཡོད་དམ། ཞེས་བཞག་སྟེ་བགྲོ་གླེང་གནང་དགོས་པའི་དགོངས་ཚུལ་གསུངས་ཡོད་པ་རེད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སི་ནོབ་སི་ (Sinopsis) ཞེས་པའི་བསམ་མཛོད་བསྟི་གནས་ཁང་གི་སྐུ་ཚབ་ཀེ་ཊི་རི་ན་ (Katerina) ལགས་དང་། ཊེ་བིཊ་(David) ལགས། ཨེ་མ་ཨེས་ཏ་ན་ (Ema Stastna) ལགས་དང་མཇལ་མོལ་གྱིས་རྒྱ་དཀར་ནག་དང་། བོད་དང་རྒྱ་གར་གྱི་འབྲེལ་ལམ་སྐོར་བགྲོ་གླེང་གནང་བ་མ་ཟད། མ་འོངས་པར་བསམ་མཛོད་བསྟི་གནས་ཁང་གི་སྐུ་ཚབ་ཁག་ཅིག་རྒྱ་གར་ཕེབས་རྒྱུའི་འཆར་གཞིའི་སྐོར་གླེང་མོལ་གནང་། མཇལ་མོལ་དེ་གྲུབ་མཚམས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ ༢༠༠༠ ཞི་བདེའི་གླེང་སྟེགས་ཀྱི་ངེས་སྟོན་པ་སྐུ་ཞབས་ཇ་ཀུབ་ཀེ་ལེ་པལ་ (Jakub Klepal) ལགས་དང་མཇལ་ཏེ། འབྱུང་འགྱུར་ལས་གཞི་ཁག་ཅིག་ཐོག་ཁོང་གི་རོགས་རམ་གནང་ཕྱོགས་ཐད་གྲོས་མོལ་གནང་ཡོད་པ་རེད།
ཕྱི་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་སྐུ་མར་ཀི་ཊ་པེ་ཀ་རོ་བ་ (Markéta Pekarová Adamová) ལགས་དང་མཇལ་འཕྲད་གནང་སྟེ་ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་གི་ཡུ་རོབ་མངའ་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་རེ་ཞིག་ལེགས་པར་མཇུག་སྒྲིལ་ཡོད་པ་བཅས།།