༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༤ སྟེ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཏུ་འཚོག་བཞིན་པའི་ ༢༠༠༠ ཞི་བདེ་གླེང་སྟེགས་ཀྱི་ཉིན་གཉིས་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྷན་ཞུགས་གནང་ཡོད།
དེ་ཡང་ཚོགས་འདུའི་ཐོག་མར་ ༢༠༠༠ ཞི་བདེ་གླེང་སྟེགས་ཀྱི་སྤྱི་ཁྱབ་ངེས་སྟོན་པ་སྐུ་ཞབས་ཇ་ཀུབ་ཀེ་ལེ་པེལ་ (Jakub Klepal) མཆོག་གིས་དབུ་འབྱེད་གསུང་བཤད་གནང་ཞིང་། ཁོང་གིས་ཚོགས་པའི་ངོས་ནས་ཡར་རྒྱས་འགྲོ་བཞིན་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་རུབ་ཀྱིས་ཚོགས་འདུ་འདི་ཉིད་རྒྱལ་སྤྱིའི་རང་བཞིན་ལྡན་པ་ཙམ་མ་ཡིན་པར་སྤྱི་ཡོངས་ཀྱི་རྒྱལ་སྤྱིའི་གནད་དོན་ཁག་འཚུད་ཐབས་འབད་རྩོལ་གནང་གི་ཡོད་པ་དང་། འཛམ་གླིང་ནང་གུ་ཡངས་ཀྱི་ལྟ་བ་ལམ་སྲོལ་སྲུང་སྐྱོབ་བྱ་བར་མང་གཙོའི་རྒྱལ་ཁབ་གཅིག་ཁོ་ནས་ནུས་ཤུགས་འདོན་ཐུབ་ཐབས་མེད་ཅིང་། དེའི་ཆེད་དུ་མང་གཙོའི་རྒྱལ་ཁབ་ཕན་ཚུན་མཉམ་སྦྲེལ་བྱ་དགོས་པའི་ལམ་སྟོན་གནང་ཡོད། ཚོགས་འདུའི་ཐོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་པི་ཊར་པ་བེལ་ (Petr Pavel) མཆོག་ཀྱང་ཕེབས་ཞུགས་ཀྱིས་གསུང་བཤད་གནང་ཡོད་པ་རེད། ཚོགས་འདུའི་རྗེས་སུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མ་དང་། ཕྱི་སྲིད་ལྷན་ཁང་དུ་ཆེས་མཐོའི་དཔོན་རིགས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད། དེ་ཡང་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་སྲིད་ལྷན་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་ངེས་སྟོན་པ་ལྕམ་ཝི་རོ་ནི་ཀ་མིཊ་ཀོ་བོ་ (Veronica Mitkova) མཆོག་དང་། ཨེ་ཤི་ཡ་ཚན་པའི་འགན་འཛིན་གཞོན་པ་སྐུ་ཞབས་པེ་ཀྲྀག་རུམ་ལར་ (Patrick Rumlar) མཆོག་དང་མཇལ་འཕྲད་གནང་། ལྕམ་ཝི་རོ་ནི་ཀ་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་རྒྱལ་སྤྱིའི་ཚོགས་འདུ་མང་པོའི་ནང་བོད་དོན་གླེང་སློང་གནང་ཡོད་པ་གསལ་བཤད་དང་། རྗེས་ལོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་གོ་སྟོན་སྲུང་བརྩི་ཞུ་ཕྱོགས་སྐོར་གྲོས་མོལ་གནང་ཡོད་ལ། སྐུ་ཞབས་རུམ་ལར་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནས་བོད་དོན་ལ་ལངས་ཕྱོགས་ཇི་ཡོད་གསལ་བཤད་གནང་། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཁོང་རྣམས་ལ་བོད་དོན་ཞུ་སྐུལ་གྱི་ཞུ་ཡིག་ཕུལ་ཡོད་པ་རེད། དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་འཐུས་མི་པ་ཝེལ་ཕི་ཤར་ (Pavel Fischer) ལགས་དང་མཇལ་ཞིང་། སྐབས་དེར་སྐུ་ཞབས་པ་ཝེལ་ལགས་ཀྱིས་ཅེཀ་མི་མང་ནས་བོད་དོན་ལ་ཤ་ཚ་རྒྱབ་སྐྱོར་གནང་གི་ཡོད་པ་གསལ་སྟོན་དང་སྦྲགས། རིམ་བཞིན་བོད་དོན་ལ་ཤ་ཚ་དང་ཚོར་བའི་རྒྱབ་སྐྱོར་དེ་རྒྱུ་མཚན་ལྡན་ཞིང་ཐབས་བྱུས་ལྡན་པའི་རྒྱབ་སྐྱོར་ལ་སྒྱུར་ཐབས་གནང་དགོས་པའི་ལམ་སྟོན་གནང་བཞིན། ཕྱོགས་གཉིས་བར་དོན་སྙིང་ལྡན་པའི་གྲོས་མོལ་བྱུང་ཡོད། དེ་བཞིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཇི་རི་ཨོ་བར་ཕལ་ཛར་ (Jiří Oberfalzer) མཆོག་དང་། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་འོག་མའི་འཐུས་མི་ཧ་ཡ་ཏོ་ཨོ་ཀ་མུ་ར་ (Hayato Okamura) ལགས་དང་ལྷན་ཆུ་ཚོད་གཅིག་ལྷག་མཇལ་མོལ་གནང་ཞིང་། སྐབས་དེར་གྲོས་ཚོགས་འཐུས་མི་རྣམ་པ་གཉིས་ནས་བོད་ཀྱི་གནད་དོན་ལ་ཐུགས་སྣང་དང་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུའི་ཞལ་བཞེས་དང་། ཅེཀ་མི་མང་ནས་འགྲོ་བ་མིའི་ཐོབ་ཐང་དང་བོད་ཀྱི་གནད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་གནང་གི་ཡོད་པ་གསུངས། མཇལ་མོལ་སྐབས་ཅེཀ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དྲུང་ཆེ་ཀེ་ཊི་རི་ན་ (Katerina) ལགས་ཀྱང་ལྷན་ཞུགས་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་མི་མཉམ་སྦྲེལ་གྱིས་ལས་དོན་ཇི་སྤེལ་གྱི་ལས་བསྡོམས་ཕུལ་ཡོད། ཚོགས་འདུ་གྲོལ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ (Grand Prague Towers Hotel) ཞེས་པའི་གསོལ་མགྲོན་ཁང་དུ་ ༢༠༠༠ ཞི་བདེའི་གླེང་སྟེགས་ངོས་ནས་རྒྱལ་སྤྱིའི་མང་གཙོ་མཐུན་སྦྲེལ་དགོང་ཚིགས་ (Global Democracy Networking Dinner) གོ་སྒྲིག་ཞུས་པར་ལྷན་ཞུགས་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་གིས་པོ་ལེནྜ་གྱི་སྲིད་འཛིན་ཟུར་པ་ལི་ཅ་ཝ་ལི་ས་ (Lech Wałęsa) མཆོག་དང་། བོ་ལི་ཝི་ཡཱའི་གྲོས་ཚོགས་གོང་མའི་འཐུས་མི་སེ་སི་ལིཡ་ར་ཁི་ན་ (Cecilia Requena) ལགས་གཙོས་པའི་གནད་ཡོད་དཔོན་རིགས་ཁག་ཅིག་དང་མཇལ་མོལ་གནང་ཡོད། དཔལ་ལྡན་སྲིད་སྐྱོང་ལྷན་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་ལྷན་ཞུགས་གནང་ཡོད་པ་བཅས།།