༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༠༩ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནི་དར་ལེནྜ་ཏུ་ཕེབས་འབྱོར་སྐབས་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་དོན་རྒྱབ་སྐྱོར་ཚོགས་པ། བོད་རིགས་ཚོགས་པའི་སྐུ་ཚབ། ས་གནས་བོད་མི་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་ནི་དར་ལེནྜ་གྲོས་ཚོགས་ཁང་དུ་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་བཀའ་མོལ་གནང་ཡོད་པ་དང་། སྐབས་དེར་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་སྐུ་ཞབས་ཇེ་སི་ཀ་ལ་ཝེར་ (Jesse Klaver) ལགས་གཙོས་པའི་ཚོགས་མི་རྣམས་ལྷན་ཞུགས་གནང་ཡོད།དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ནི་དར་ལེནྜ་གྱི་འགྲོ་བ་མིའི་ཐོབ་ཐང་གི་གཞུང་ཚབ་སྐུ་ཞབས་ཝིམ་གྷི་རིཊ་ (Wim Geert) ལགས་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། ལྷག་པར་ཁམས་སྡེ་དགེ་ཁུལ་ནས་ཉེ་ལམ་རྒྱ་ནག་གཞུང་གིས་བོད་མི་འཛིན་བཟུང་བཙོན་འཇུག་བྱས་པ་རྣམས་གློད་བཀྲོལ་ཡོང་ཐབས་ཐད་ཞུ་གཏུག་གནང་ཡོད།
དེ་རྗེས་བསམ་མཛོད་བསྟི་གནས་ཁང་གི་ཆབ་སྲིད་ངེས་སྟོན་པ་ཧན་ཊེན་བྲོག་ (Han ten Broek) ལགས་དང་། ལས་འཆར་འགན་འཛིན་གཞོན་པ་བྷེ་རེནྜ་ཀྭག་ (Berend Kwak) ལགས། དེ་བཞིན་སློབ་ཕྲུག་བཅུ་དང་ལྷན་འཛམ་གླིང་ཐོག་བོད་མཐོ་སྒང་གི་གལ་གནད་སྐོར་གྲོས་བསྡུར་ལྷུག་པོ་གནང་།
མཐར་དཔལ་ལྡན་སྲིད་སྐྱོང་མཆོག་ལཀ་ཛམ་བརྒ་ (Luxembourg) རུ་མ་ཕེབས་གོང་ནི་དར་ལེནྜའི་གྲོང་ཁྱེར་ཧེག་ཏུ་ཡོད་པའི་ཡུ་གུར་དང་། ལྷོ་སོག ཧོང་ཀོང་བཅས་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་། དེ་བཞིན་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་། བོད་རིགས་ཚོགས་པའི་ཚོགས་མི་དང་ལྷན་མཇལ་མོལ་གནང་ཡོད་པ་བཅས།།