༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལཀ་ཛམ་བརྒ་ (Luxembourg) རུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་ས་གནས་བོད་མི་རྣམས་ནས་གནམ་ཐང་དུ་ཕེབས་བསུ་ཞུས་ཡོད།
ལཀ་ཛམ་བརྒ་རུ་ཕེབས་འབྱོར་བྱུང་རྗེས་ཐོག་མར་དཔལ་ལྡན་སྲིད་སྐྱོང་མཆོག་ལ་ཡུ་རོབ་གྲོས་ཚོགས་འཐུས་མི་ཟུར་པ་དང་ཡུ་རོབ་རྩིས་ཞིབ་ཚོགས་པའི་ཚོགས་མི་ལྕམ་ལའི་མ་ཨན་དྲི་ཀི་ནི་(Laima Andrikiene) ལགས་ནས་ཕེབས་བསུའི་གུང་ཚིགས་འདེགས་འབུལ་ཞུས་ཡོད། ལྕམ་ལའི་མ་ལགས་ནི་ལི་ཐུ་ནི་ཡཱ་ནས་ཡིན་པ་དང་། ཁོང་ཆུང་དུས་ཕ་མས་མ་འོངས་པར་རང་དབང་ལྡན་པའི་ལི་ཐུ་ནི་ཡཱར་མི་ཚེ་སྐྱེལ་རྒྱུའི་དུས་ཚོད་འཆར་ངེས་པའི་སྐོར་གསུངས་མྱོང་ཡོད་པ་དྲན་གསོ་གནང་བ་འབྲེལ། ཁོང་གིས་དེ་མཚུངས་བོད་མི་རྣམས་ལའང་སྐྱིད་པའི་ཉི་མ་འཆར་ངེས་ཤིང་། དེའི་ཆེད་ཁོང་མོས་བོད་མི་རྣམས་ལ་རྒྱབ་སྐྱོར་མུ་མཐུད་གནང་རྒྱུའི་ཞལ་བཞེས་གནང་། དེ་བཞིན་ཁོང་གིས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་རང་དབང་འཐབ་རྩོད་ཆེད་སྐུ་ལས་སྐྱོན་བཞིན་པར་བསྔགས་བརྗོད་གནང་བ་དང་ཆབས་ཅིག་བོད་མི་རྣམས་ལ་ཕན་གྲོགས་རྒྱུན་མཐུད་ནས་གནང་རྒྱུ་ཡིན་པ་གསུངས་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཁོང་རྗེས་ལོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༩༠ ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་སྐུ་མགྲོན་དུ་མགྲོན་འབོད་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལཀ་ཛམ་བརྒ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ (Les Amis du Tibet) ཚོགས་མི་རྣམས་དང་མཇལ་འཕྲད་གནང་ཞིང་། ཚོགས་པ་དེས་བོད་མི་སྤྱི་དང་ལྷག་པར་བོད་ཕྲུག་ཁྱིམ་སྡེའི་སློབ་ཕྲུག་ལ་སློབ་ཡོན་རོགས་སྐྱོར་གནང་གི་ཡོད། སྐབས་དེར་ཚོགས་པའི་ཚོགས་གཙོ་པི་རི་བྷའུ་མན་ (Pierre Baumann) ལགས་ཀྱིས་ཚོགས་མི་རྣམས་ངོ་སྤྲོད་དང་སྦྲགས། བོད་དོན་འཐབ་རྩོད་སྐོར་གླེང་མོལ་གནང་རྗེས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཉིད་ཀྱི་གོ་སྒྲིག་འོག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་མང་ཚོགས་ལ་གསུང་བཤད་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚོགས་བཅར་བ་རྣམས་ལ་བོད་མཐོ་སྒང་གི་ཁོར་ཡུག་དང་། ས་ཁམས་ཆབ་སྲིད་ཀྱི་གལ་གནད་གཙོ་བོར་གྱུར་བའི་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་འགངས་སྐོར་དང་། ལྷག་པར་རྒྱ་ནག་གཞུང་གིས་བོད་ཙམ་མ་ཡིན་པར་འཛམ་གླིང་སྤྱི་ལ་དྲག་གནོན་བྱེད་བཞིན་ཡོད་པས། དོ་གཟབ་གནང་གལ་ཆེ་བའི་སྐོར་ལམ་སྟོན་གནང་། གསུང་བཤད་གྲུབ་མཚམས་ཚོགས་བཅར་བ་རྣམས་ནས་དོ་སྣང་ཆེན་པོས་དོགས་འདྲི་ཕུལ་བ་ཁག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ལན་འདེབས་གསལ་བཤད་གནང་ཡོད།
དཔལ་ལྡན་སྲིད་སྐྱོང་ལྷན་དུ་སྦེལ་ཇམ་སྐུ་ཚབ་དོན་གཅོད་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།