༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༧ ཉིན་གྱི་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་སུད་སིའི་གྲོང་ཁྱེར་ཛུ་རིག་གནམ་ཐང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། རི་ཀོན་ཆོས་འཁོར་དགོན་པའི་མཁན་རིན་པོ་ཆེ་གཙོས་པའི་དགེ་འདུན་པ། སུད་སི་དང་ལེག་ཀྲིན་ཚིན་བོད་རིགས་ཚོགས་པའི་ཚོགས་གཙོ་དང་ཚོགས་གཞོན། ས་གནས་བེུད་ལྷན་ཚོགས་ཀྱི་ཚོགས་གཞོན། གཞོན་ནུ་ཚོགས་གཙོ། དབུས་གཙང་ཚོགས་པའི་སྐུ་ཚབ། མདོ་སྨད་ཚོགས་པའི་ཚོགས་གཙོ། ས་གནས་བོད་མི་སོགས་ནས་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་ཡོད། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༠༧ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཊོལ་ཊར་ (Dolder Grand) གསོལ་མགྲོན་ཁང་དུ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་དང་བོད་དོན་རྒྱབ་སྐྱོར་བ་རི་ཅཊ་གྷེ་རི་ (Richard Gere) ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་མཇལ་མོལ་གནང་ཡོད། མཇལ་མོལ་སྐབས་སུད་སི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་ལས་བྱེད་ཕུན་ཚོགས་སྟོབས་རྒྱལ་གཉིས་ཀྱང་ལྷན་བཅར་ཞུས་ཡོད། ཚོགས་འདུའི་རྗེས་ཕེབས་བསུའི་དགོང་ཚིགས་གསོལ་སྟོན་ཐོག བདེ་སྐྱིད་ཀྱི་ཤེས་རབ། (Wisdom of Happiness) ཅེས་པའི་དངོས་བྱུང་གློག་བརྙན་བཀོད་འཁྲིད་པ་ཕི་ལིབ་དེ་ལི་ཁུ་སི་ (Philip Deliquis) ལགས་དང་བྷར་བྷ་ར་མི་ལར་ (Barbara Miller) ལགས། དཔར་པ་མེ་ནུལ་བྷར་(Manuel Bauer) ལགས་དང་བཀྲ་ཤིས་ཨལ་བྷར་ཊི་ནི་ (Tashi Albertini) ལགས། རི་ཅཊ་གྷེ་རི་ལགས། བཀའ་ཟུར་རྗེ་བཙུན་པདྨ་མཆོག་ལྷན་ཞུགས་གནང་ཞིང་། སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དེང་གི་དུས་སྐབས་སུ་ཞི་བདེ་དང་། བྱམས་བརྩེ། འཆམ་མཐུན་གལ་གནད་ཆེ་ཚུལ་སྐོར་གསུང་བཤད་གནང་ཡོད།
ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ (Dolder Grand) ཞེས་པའི་གསོལ་མགྲོན་ཁང་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། སུད་སིའི་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམས་དང་ལྷན་དུ་སྐུའི་གོ་སྟོན་དང་འབྲེལ་བའི་བགྲོ་གླེང་དང་དྲི་བ་དྲི་ལན་གྱི་ཚོགས་འདུ་ཞིག་ཚོགས་ཡོད། ཕྱི་ཚེས་ ༨ ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཛུ་རིག་གློག་བརྙན་དུས་སྟོན་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ་ “Wisdom of Happiness” ཅེས་པ་གཟིགས་འབུལ་གྱི་མཛད་སྒོའི་ཐོག་མཉམ་ཞུགས་གནང་པ་མ་ཟད། གློག་བརྙན་གཟིགས་འབུལ་རྗེས་དཔལ་ལྡན་སྲིད་མཆོག་ནས་གསུང་བཤད་གནང་། ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོ་ཚོུད་ ༥།༣༠ ཐོག་སྲིད་སྐྱོང་མཆོག་གསོལ་མགྲོན་ཁང་ནས་ཕེབས་ཐོན་གྱི་མཁའ་ལམ་བརྒྱུད་ཨེམ་ཀྲར་གྲམ་ (Amsterdam) ཕེབས་ཐོན་གནང་ཡོད་པ་བཅས།།