༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༠༩ ཚེས་ ༣༠ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་གཞུང་འབྲེལ་འཚམས་གཟིགས་ཉིན་བདུན་པའི་སྔ་དྲོ་འབྲི་གུང་བྱང་ཆུབ་གླིང་དགོན་པར་མཆོད་མཇལ་དང་། མངོན་དགའ་དམིགས་བསལ་དགོས་མཁོ་ཅན་གྱི་སློབ་གྲྭར་གཟིགས་སྐོར་དང་འབྲེལ། དགེ་ལས་སློབ་ཕྲུག་ལྷན་མཇལ་མོལ་གནང་རྗེས་སྟོང་བཙན་ཕོ་ལོང་བསྟི་གནས་ཁང་དུ་གཟིགས་སྐོར་གནང་ཡོད། དེ་ནས་ཚེ་རིང་དོན་ལྡན་གཞིས་ཆགས་སུ་འཚམས་གཟིགས་གནང་སྟེ། ནོར་གླིང་ཚོགས་ཁང་དུ་གཞིས་མི་མང་ཚོགས་ཚང་འཛོམས་ཀྱི་ཐོག་མར་སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས་ནས་ཕེབས་བསུའི་གསུང་བཤད་དང་། ལས་བསྡོམས་སྙན་སྒྲོན་ཞུས་གྲུབ་བསྟུན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་ཡོད་པ་རེད།
དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་མི་མང་གིས་ཡིད་ཆེས་བློས་འགེལ་གནང་སྟེ། སྲིད་སྐྱོང་དུ་འོས་འདེམས་བྱུང་བ་ལྟར། འོས་བསྡུའི་སྐབས་དྲིལ་བསྒྲགས་ཁས་ལེན་བྱས་པ་གཞིར་བཟུང་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་བོད་ཀྱི་མ་འོངས་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་འདོན་སྤེལ་གྱིས་བོད་དོན་ཆབ་སྲིད་དང་། སྤྱི་ཚོགས་བདེ་དོན་ལ་སྨན་པའི་ལས་དོན་རྩོམ་མུས་ཡིན་པ་དང་། དེ་དོན་བཙན་བྱོལ་བོད་མིའི་བདེ་དོན་ལྟ་སྐྱོང་ཆེད་གཞུང་འབྲེལ་འཚམས་གཟིགས་ཐེངས་གཉིས་པ་ཉེ་ལམ་ནས་དབུ་འཛུགས་གནང་ཡོད་པ་གསུངས། དེ་བཞིན་ཁོང་གིས་བོད་མིའི་འཐབ་རྩོད་གཙོ་བོ་ནི་བོད་ཀྱི་ཆབ་སྲིད་ཀྱི་བདེན་མཐའ་བསལ་རྒྱུ་ཡིན་པས། མང་ཚོགས་ནས་རང་ཉིད་ཀྱི་བདེ་སྡུག་ཁེ་ཕན་ཁོ་ན་མ་ཡིན་པར་སྤྱི་དོན་ཆབ་སྲིད་ཀྱི་ལས་དོན་ལའང་ཐུགས་སྣང་གནང་དགོས་པའི་ལམ་སྟོན་གནང་རྗེས། བཀའ་ཤག་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་མྱུར་ཞིང་སྤུས་ཚད་ལྡན་པ་ཡོང་ཐབས་སུ་སྒྲིག་འཛུགས་ཀྱི་སྒྲོམ་གཞིར་ལེགས་བཅོས་གནང་ཡོད་མ་ཟད། སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ལམ་སྟོན་བཀོད་ཁྱབ་རྣམས་དུས་བསྟུན་དགོས་ངེས་བསྐྱར་བཅོས་གནང་གི་ཡོད་སྐོར་འགྲེལ་བརྗོད་གནང་ཡོད།

ཕྱོགས་མཚུངས་བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་གཞུང་འབྲེལ་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་ཐབས་བྱུས་ལ་འགྱུར་བ་སྟེ། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པའི་གནས་བབ་ལ་ངོས་འཛིན་ཡོང་སླད་ནན་བརྗོད་དྲིལ་བསྒྲགས་གནང་གི་ཡོད་སྐོར་དང་། བོད་པ་ཚོས་བོད་ཀྱི་ལོ་རྒྱུས་ལ་ལྟ་ཀློག་གིས་འཛམ་གླིང་ལ་འགྲེལ་བརྗོད་བྱ་ཐུབ་པ་དགོས་པའི་ལམ་སྟོན་གནང་ཡོད།
དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་སྡེ་ར་ལྡུན་དོན་གྲུབ་གླིང་གཞིས་ཆགས་སུ་ཕེབས་པ་དང་། སྐབས་དེར་དོན་གྲུབ་གླིང་གི་དྲུང་ཆེ་བླ་མ་ཕུན་ཚོགས་ལགས་ཀྱིས་ཕེབས་བསུ་ཞུས་པ་སྦྲགས། སྡེ་ར་ལྡུན་དུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་བླ་བྲང་བཀྲ་ཤིས་འཁྱིལ་དགོན་དུ་གནས་གཟིགས་སུ་ཕེབས་སྐབས་ཨ་ལག་རིགས་སྒྲ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཞུས་རྗེས་དཔལ་བདེ་ཆེན་ཆོས་འཁོར་གླིང་དང་། སྨིན་གྲོལ་གླིང་དགོན་གཉིས་སུ་གནས་གཟིགས་དང་། དོན་གྲུབ་གླིང་གཏན་སློབ་ཏུ་འཚམས་གཟིགས་དང་བཅས་སློབ་གྲྭའི་ཐོག་ཁེབས་ལྕགས་ཤོག་དབུ་འབྱེད་གནང་།
དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཕུན་ཚོགས་དཔལ་འཁྱིལ་ཚོགས་ཁང་དུ་གཞིས་མི་མང་ཚོགས་ལ་གསུང་བཤད་གནང་ཞིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༥༠ ཙམ་ནས་བོད་ཤར་ཕྱོགས་ནས་བོད་ནང་བཙན་བཟུང་བྱ་འགོ་ཚུགས་པ་དང་། ཕྱི་ལོ་ ༡༩༥༡ ལོར་ཆིངས་ཡིག་དོན་ཚན་བཅུ་བདུན་ཞེས་པ་བཙན་ཤེད་ཀྱིས་བཞག་ཏུ་བཅུག་སྟེ། བོད་ཀྱི་བདག་དབང་བཙན་འཕྲོག་བྱས་མོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ངོ་འགའ་ཤས་རིང་ཆིངས་ཡིག་དགོངས་དོན་ཞི་འགྲིག་ཡོང་ཐབས་མཛད་ཀྱང་། རྒྱ་གཞུང་གིས་ཆིངས་ཡིག་གི་དོན་ཚན་ཁག་ལ་རྡོག་རོལ་བཏང་རྐྱེན་མཐར་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་བའི་ལོ་རྒྱུས་འཕེལ་རིམ་ངོ་སྤྲོད་དང་། དེ་རྗེས་རྒྱ་གར་ནང་དུ་མགོན་པོ་མཆོག་གི་ཕུགས་རྒྱང་རིང་པའི་ཐུགས་སྐྱེད་དགོངས་གཞི་ལ་བརྟེན་ནས་རྒྱ་གར་ནང་དུ་ཆོལ་གསུམ་གཅིག་ཏུ་སྒྲིལ་ཏེ། མང་གཙོའི་སྒྲིག་འཛུགས་བསྐྱར་འཛུགས་དང་འབྲེལ། བོད་མིའི་ངོ་བོ་རྒྱུན་འཛིན་དང་བོད་དོན་འཐབ་རྩོད་གསོན་གནས་ཡོང་སླད་སྐྱབས་བཅོལ་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ལོགས་སུ་ཟུར་འཛུགས་བསྐྱངས་ཚུལ་དྲན་གསོ་གནང་བའི་ཐོག བོད་ཀྱི་འདས་པའི་ལོ་རྒྱུས་འཕེལ་རིམ་འགྲེལ་བརྗོད་གནང་ཡོད།

དཔལ་ལྡན་སྲིད་སྐྱོང་ལྷན་དུ་ནང་སྲིད་དྲུང་འཕར་བཀྲ་ཤིས་བདེ་སྐྱིད་ལགས་དང་། སྡེ་ར་ལྡུན་ས་གནས་འགོ་འཛིན་དོན་གྲུབ་རྒྱལ་པོ་ལགས། སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འབྲེལ་ལས་ཐུབ་བསྟན་རིག་འཛིན་ལགས། འཕྲོད་བསྟེན་ལས་ཁུངས་ཀྱི་འབྲེལ་ལས་པདྨ་གཡུ་སྒྲོན་ལགས་ལྷན་བཅར་ཞུས་ཡོད་པ་བཅས།།