༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། དཔལ་ས་སྐྱ་པའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ཕྱི་ལོ་ ༢༠༢༤ ཟླ་ ༡༠ ཚེས་ ༣ ཉིན་རྒྱ་གར་ཨུཏྟར་ཁནྜ་མངའ་སྡེའི་གྲོང་ཁྱེར་ལྡེ་ར་ལྡུན་གྱི་ས་གནས་རཱཇ་པུར་དུ་རྟེན་གཞི་བྱས་པའི་ས་སྐྱ་ཆོས་སྒར་དུ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་གྱ་སྟོན་བརྟན་བཞུགས་འདེགས་འབུལ་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་ཀྱང་བརྟན་བཞུགས་འདེགས་འབུལ་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་གྱ་སྟོན་བརྟན་བཞུགས་བསྟར་འབུལ་གྱི་མཛད་སྒོར་དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ ༤༣ པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་དབུས་པའི་ཕོ་བྲང་རྣམ་གཉིས་ཀྱི་འཁོན་གདུང་དང་། རྗེ་བཙུན་མ་རྣམ་པ། མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམ་པ། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག དཔལ་ལྡན་ཁྲིམས་ཞིབ་པ་གཞན་བསྟན་འཛིན་ལུང་རྟོགས་མཆོག དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ་དང་སྤྱི་འཐུས་ཁག་ཅིག ལས་བྱེད་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་ཀརྨ་ཡེ་ཤེས་མཆོག དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས། རྒྱལ་ཡུམ་ཆེན་མོ་མཆོག་དང་བདག་མོ་རྣམ་པ། ཆོས་རིག་དྲུང་ཆེ་བདུད་འདུལ་རྡོ་རྗེ་ལགས། བཀའ་ཟུར་དང་། སྤྱི་འཐུས་ཚོགས་ཟུར། ཚོགས་གཞོན་ཟུར་པ། སྤྱི་ཟུར། རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྷན་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་རིན་ཆེན་ལྷ་མོ་ལགས། རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས། གཞན་ཡང་དགོན་སྡེ་དང་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་སོགས་སེར་སྐྱ་མང་ཚོགས་སྟོང་ཕྲག་བརྒལ་བ་འདུ་འཛོམས་གནང་ཡོད། མཛད་སྒོའི་ཐོག་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་མཆོག་གིས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་དང་བརྟན་བཞུགས་ཀྱི་འབུལ་བ་ཕུལ་ཡོད།དེ་རྗེས་ཕྱེད་ཡོལ་ཆུ་ཚོད་ ༢ ཐོག་༸སྐུའི་གྱ་སྟོན་བརྟན་བཞུགས་ཀྱི་ཕྱི་ལུགས་མཛད་སྒོར་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོགས་སྦྱང་དང་། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་གོང་མ་ཁྲི་འཛིན་ ༤༣ པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་རྣམ་གཉིས་ཀྱིས་བཀའ་སློབ་སྩལ། དགའ་ལྡན་ཤར་རྩེའི་མཁན་རིན་པོ་ཆེ་མཆོག་ནས་༸སྐྱབས་རྗེ་དགའ་ལྡན་ཁྲི་ཐོག་ ༡༠༤ པ་མཆོག་གི་འཚམས་འཕྲིན་སྙན་སྒྲོན་གནང་ཡོད། དེ་བཞིན་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་དང་དམིགས་བསལ་སྐུ་མགྲོན་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་མཆོག སྐུ་མགྲོན་གཙོ་བོ་ཨུཏྟར་ཁནྜ་མངའ་སྡེའི་སྤྱི་ལས་བདེ་ཁག་དང་། རིག་གཞུང་། ཡུལ་སྐོར་སྤྲོ་འཆམ་བཅས་ཀྱི་བློན་ཆེན་མཆོག་བཅས་ནས་ཀྱང་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་། དེ་བཞིན་རིག་གཞུང་འཁྲབ་སྟོན་ཡང་གཟིགས་འབུལ་ཞུས་ཡོད།གཞན་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་དང་ཆོས་རིག་བཀའ་བློན་གཅིག་ལྕོགས་མཆོག་ནས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་འཚམས་མཇལ་ཞུས་ཡོད་པ་དང་། ཕྱི་ཚེས་ ༢ ཉིན་ཆོས་རིག་དྲུང་ཆེས་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་དང་། དཔལ་ས་སྐྱའི་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དང་། དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་ཛྙཱན་བཛྲ་རིན་པོ་ཆེ་མཆོག་བཅས་འཚམས་མཇལ་ཞུས་ཡོད་པ་བཅས།། །།