༄༅། །འདི་གར་ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༡༠ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ ནས་ ༧ བར་ཐའེ་པེ་གཞུང་མགྲོན་ཁང་དུ་ཐའེ་ཝན་ཕྱི་སྲིད་ལས་ཁུངས་ནས་ཀྲུང་ཧྭ་མི་སེར་རྒྱལ་ཁབ་དབུ་བརྙེས་ནས་ལོ་ ༡༡༣ འཁོར་བའི་རྒྱལ་སྟོན་གསོལ་ཚིགས་ཆེན་པོ་ཞིག་བཤམས་པར། ཕྱི་སྲིད་བློན་ཆེན་སྐུ་ཞབས་ (Lin Chia-Lung) མཆོག་དང་ལྕམ་སྐུ་ (Lin) མཆོག་གཉིས་ནས་ཆེད་དུ་གཞུང་འབྲེལ་གདན་ཞུས་གནང་བ་ལྟར། ཐའེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་དང་དྲུང་ཆེ་མི་འགྱུར་གཡུ་སྒྲོན་ལགས་རྣམ་གཉིས་གསོལ་སྟོན་མཛད་སྒོར་མཉམ་ཞུགས་ཞུས་ཏེ་གནད་ཡོད་མི་སྣ་མང་པོའི་མཉམ་དུ་བོད་དོན་དང་འབྲེལ་བའི་ཛ་དྲག་གནས་སྟངས་ངོ་སྤྲོད་དང་སྦྲགས་ཕན་ཚུན་འབྲེལ་བ་མཐུད་ཐུབ་པ་བྱུང་ཡོད།མཛད་སྒོའི་སྐུ་མགྲོན་གཙོ་བོ་ (Tuvalu) མཚོ་གླིང་རྒྱལ་ཁབ་ཀྱི་སྲིད་འཛིན་སྐུ་ཞབས་ (FELETI TEO) མཆོག་དང་ཁོང་གི་སྐུ་ཟླ་རྣམ་གཉིས་དང་། ཐའེ་ཝན་སྲིད་འཛིན་ (Lai Ching De) མཆོག་གིས་གཙོས་པའི་སྲིད་བློན། གཞན་ཡང་ཐའེ་ཝན་གཞུང་གི་ལྷན་ཁང་ཁག་གི་བློན་ཆེན་དང་གྲོས་ཚོགས་ཚོགས་གཙོ་གཞོན་པ་གཙོས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག ཐའེ་ཝན་དུ་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ཨ་རི་དང་ཡུ་རོབ། ཁ་ན་ཌ་གཙོས་པའི་གཞུང་ཚབ་ཁག མཁས་དབང་དང་གནད་ཡོད་མི་སྣ་སོགས་ཁྱོན་སྐུ་མགྲོན་སུམ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད། གསོལ་སྟོན་མཛད་སྒོའི་ཐོག་ཐའེ་ཝན་གཞུང་ནས་སྐུ་མགྲོན་རྣམ་པར་ཐའེ་ཝན་གཙོས་པའི་རྒྱལ་ཁབ་འདྲ་མིན་གྱི་སྲོལ་རྒྱུན་ཞལ་ལག་འདེགས་འབུལ་དང་རོལ་དབྱངས་སྤྱན་འབུལ་གནང་བ་མ་ཟད། གཙོ་བོ་སྐུ་མགྲོན་རྣམ་པ་ཕན་ཚུན་ངོ་ཤེས་གྲོགས་འདྲིས་ཡོང་ཐབས་ཀྱི་རང་དབང་གླེང་མོལ་གྱི་སྡིངས་ཆ་སྐྲུན་པ་ཞིག་ཆགས་ཡོད་པ་རེད།
གཞན་ཡང་ཕྱི་ཟླ་ ༡༠ ཚེས་ ༤ ཉིན་ཐའེ་ཝན་དུ་རྟེན་གཞི་བྱེད་པའི་ཇར་མན་གཞུང་ཚབ་ཁང་ནས་ཤར་ནུབ་ཇར་མ་ནཱི་གཅིག་གྱུར་ཆགས་པའི་གཞུང་སྟོན་མཛད་སྒོ་ཞིག་གོ་སྒྲིག་གནང་བར་གདན་ཞུ་གནང་བ་ལྟར། སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱུལ་མཚན་ལགས་མཉམ་ཞུགས་ཞུས་ཏེ། འབྲེལ་ཡོད་ཐའེ་ཝན་གཞུང་གི་གནད་ཡོད་མི་སྣ་དང་། ཕྱི་རྒྱལ་ཁག་གི་གཞུང་ཚབ་དང་མཁས་དབང་སོགས་མི་སྣ་མང་པོ་དང་ཕན་ཚུན་ངོ་སྤྲོད་དང་འབྲེལ་བ་བཙུགས་ཐུབ་པ་བྱུང་ཡོད་པ་མ་ཟད། ཕྱི་རྒྱལ་གཞུང་ཚབ་དང་གཞུང་ཚབ་གཞོན་པ་ཁག་ཅིག་ལའང་ཟུར་མཇལ་གྱིས་བོད་དོན་ངོ་སྤྲོད་དང་བཅས་ཕྱི་སྲིད་ཀྱི་ལས་དོན་རབས་དང་རིམ་པ་སྤེལ་ཡོད་པ་རེད། །