༄༅། །ཕྱི་ལོ་ ༢༠༢༤ ཟླ་བ་ ༡༠ ཚེས་ ༢༦ ཉིན་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཕི་ལི་པིན་ཁུལ་གྱི་གཞུང་འབྲེལ་ཕྱོགས་ཕེབས་ལེགས་པར་གྲུབ་ཡོད་པ་རེད།
དེ་ཡང་ཕི་ལི་པིན་ནི་ཕྱི་ལོ་ ༡༩༦༠ ལོའི་འགོ་སྟོད་དུ་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་རྒྱལ་ཁབ་ཉུང་ཤས་ཤིག་གི་ཁྲོད་ནས་གཅིག་ཡིན་ཞིང་། དེས་རྒྱ་ནག་གིས་བོད་བཙན་བཟུང་བྱས་པར་སྐྱོན་བརྗོད་དང་བོད་བཅིངས་བཀྲོལ་ཟེར་བར་ངོས་ལེན་གནང་མེད་པའི་ཁར། ཕི་ལི་པིན་གྱི་སྙན་གྲགས་ཅན་གྱི་ར་མོན་མག་སེ་སེ་གཟེངས་རྟགས་དེ་ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཆོས་དང་རིག་གཞུང་ངོ་བོ་རྒྱུན་འཛིན་སྲུང་སྐྱོབ་སླད་མཛད་པ་བླ་མེད་བསྐྱངས་པར་ངོས་འཛིན་དུ་ཕུལ་ཡོད།
ཐེངས་འདིའི་ཕྱོགས་ཕེབས་སྐབས་ཉི་འོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕི་ལི་པིན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨེཌ་རི་ཡན་ཨ་མ་ཏོང་ (Adrian Amatong) ལགས་དང་མཇལ་འཕྲད་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་དང་། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆའི་སྐོར་གསལ་བཤད་གནང་བ་དང་ཆབས་ཅིག ཉེ་ལམ་ཨ་རིའི་གཞུང་གིས་གཏན་འབེབས་གནང་བའི་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཀྱི་ཁྲིམས་ཡིག་གི་འདྲ་བཤུས་ཤིག་ཕུལ་ནས། ནང་དོན་ངོ་སྤྲོད་དང་འབྲེལ་ཕི་ལི་པིན་གྲོས་ཚོགས་ནས་ཀྱང་དེ་མཚུངས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་རྒྱུར་འབད་རྩོལ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད།
གྲོས་ཚོགས་འཐུས་མི་ཨེཌ་རི་ཡན་ཨ་མ་ཏོང་ལགས་ཀྱིས་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ལ་དགའ་བསུ་གནང་བ་དང་སྦྲགས། ཁོང་དང་མཇལ་འཕྲད་བྱུང་བར་དགའ་ཚོར་ཆེན་པོ་བྱུང་ཞེས་དང་། དེ་བཞིན་ཕི་ལི་པིན་མི་མང་ནི་རང་དབང་ལ་དགའ་ཞེན་ཆེ་བའི་མི་དམངས་ཤིག་ཡིན་སྟབས། བོད་ཀྱི་གནད་དོན་ནི་འཚེ་མེད་ཞི་བ་དང་དྲང་བདེན་གྱི་རང་དབང་འཐབ་རྩོད་ཅིག་ཡིན་པས་ཕི་ལི་པིན་མི་མང་མང་པོས་བོད་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས། དེ་མཚུངས་ཁོང་གིས་བོད་རྒྱའི་རྩོད་རྙོག་ཞི་བའི་ཐོག་ནས་སེལ་ཐབས་སུ་རྒྱ་ནག་དང་གྲོས་མོལ་གནང་རྒྱུའི་འབད་བརྩོན་མུ་མཐུད་གནང་དགོས་པ་གསུངས་ཡོད་པ་རེད། དེའི་རྗེས་སུ་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕི་ལི་པིན་དུ་ཡོད་པའི་ཐའེ་ཝན་དཔལ་འབྱོར་དང་རིག་གཞུང་ལས་ཁུངས་ཀྱི་སྐུ་ཚབ་ཝཱ་ལེ་སི་ཆོའུ་ (Wallace Chow) ལགས་དང་མཇལ་འཕྲད་གནང་སྟེ། བོད་དང་། ཐའེ་ཝན། རྒྱ་ནག་བཅས་ཀྱི་གནས་སྟངས་སྐོར་གྲོས་བསྡུར་གནང་ཡོད། ཁོང་རྣམ་གཉིས་ཀྱིས་རྒྱ་ནག་ལྷན་དཀའ་རྙོག་སེལ་བར་རྒྱ་ནག་ནང་རང་དབང་དང་མང་གཙོ་དར་འཕེལ་གཏང་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་གནང་ཐོག འཛམ་གླིང་ཡོངས་སུ་རང་དབང་དང་མང་གཙོ་དར་འཕེལ་ཡོང་བར་འབད་རྩོལ་གནང་རྒྱུའི་ཁས་ལེན་གནང་ཡོད།
དེ་མཚུངས་ཕི་ལི་པིན་གཙུག་ལག་སློབ་གཉེར་ཁང་གི་རྒྱ་ཁྱབ་འཕྲིན་སྤེལ་ཚན་པའི་གདན་ཞུས་ལྟར། སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་གཙུག་ལག་སློབ་གྲྭར་གཟིགས་སྐོར་དང་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་ཞིང་། སྐབས་དེར་ཁོང་གིས་སྔ་མོའི་བོད་ཀྱི་བཙན་པོའི་མངའ་ཐང་དང་། ནང་ཆོས་ཀྱིས་བོད་མི་རྣམས་ཞི་དུལ་དུ་བཏང་ཚུལ། དེ་བཞིན་ཕྱི་ལོ་ ༡༩༥༠ ལོར་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་མ་བྱས་བར་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་དབུ་ཁྲིད་འོག་བོད་མི་རྣམས་ཞི་བདེའི་ངང་གནས་ཚུལ་སྐོར་གསུངས། དེ་བཞིན་ཁོང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་བོད་ལ་བདག་དབང་ཡོད་ཚུལ་གྱི་ཁྲིམས་མཐུན་རྣམ་པ་སྟོན་ཆེད་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པ་དང་། རྒྱ་ནག་གི་དྲིལ་བསྒྲགས་དང་འཁྱོག་བཤད་ལ་ཡིད་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་གནང་ཡོད།
དེ་མ་ཟད་སྐུ་ཚབ་དོན་གཅོད་ཀྱིས་སན་ཊ་མེ་ས་རུ་ཡོད་པའི་ཕི་ལི་པིན་དཔལ་ཡུལ་བོད་བརྒྱུད་ནང་བསྟན་ཆོས་ཚོགས་སུ་གཟིགས་སྐོར་གནང་བ་དང་། དེར་དགེ་འདུན་པ་རྣམས་དང་མཇལ་འཕྲད་གནང་སྟེ་ཁོང་ཕི་ལི་པིན་དུ་ཕེབས་དགོས་པའི་དམིགས་ཡུལ་འགྲེལ་བརྗོད་གནང་བ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་གསར་པ་ཁག་དང་། བཀའ་ཤག་གི་ཕུགས་དམིགས་ཡིག་ཆའི་སྐོར་ངོ་སྤྲོད་གནང་ཡོད་པ་རེད། དེ་རྗེས་ར་མོན་མག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་གཙོ་ལྕམ་སུ་སན་ཨ་ཕན་ (Susan Afan) ལགས་དང་དྲུང་ཆེ་ཇོའི་སི་ལིན་ཇོའི་ (Joycelyn Joy) ལགས་རྣམ་གཉིས་ཀྱིས་སྐུ་ཚབ་དོན་གཅོད་དང་མཇལ་འཕྲད་གནང་སྟེ། བོད་དོན་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྲོས་བསྡུར་གནང་བ་མ་ཟད། ཚོགས་གཙོས་ས་ཁུལ་འདིའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་འཛམ་གླིང་ཞི་བདེའི་དགོངས་གཞི་ཁྱབ་སྤེལ་གཏོང་རྒྱུ་དང་། ལོ་རྗེས་མར་༧གོང་ས་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་སྐོར་གསུངས་ཡོད། སྤྱིར་སྔ་ལོའི་ཕྱི་ཟླ་དགུ་པའི་ནང་ར་མོན་མག་སེ་སེ་གཟེངས་རྟགས་ཐེབས་རྩའི་ཚོགས་གཙོ་ལྕམ་སུ་སན་ཨ་ཕན་ལགས་དང་ཚོགས་མི་རྣམས་བཞུགས་སྒར་དྷ་རམ་ས་ལར་ཆེད་ཕེབས་ཀྱིས་མགོན་པོ་མཆོག་གི་མཇལ་ཁ་ཞུས་ཡོད། གཞན་ཡང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཕི་ལི་པིན་གཙུག་ལག་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡ་གླེང་སྟེགས་དང་། ཌེལ་ལ་སལ་སེན་ཊི་བེ་ནིལ་ཌེའི་ཕྱི་འབྲེལ་དང་འཛིན་སྐྱོང་སློབ་གྲྭ་ (Del La Salle Saint Benilde’s School of Diplomacy and Governance) གཉིས་སུ་དྲྭ་ཐོག་ནས། བོད་མིའི་འཐབ་རྩོད། རང་དབང་དང་དྲང་བདེན་འཚོལ་བའི་ལམ། དང་། ཕི་ལི་པིན་དང་བོད་ཀྱི་འབྲེལ་ལམ། མི་འདྲ་བའི་ཁྲོད་ནས་སྲ་བརྟན་གྱི་མཉམ་ལས་འཛུགས་སྐྲུན། ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད། སྐབས་དེར་སྐུ་ཚབ་དོན་གཅོད་ནས་ཕི་ལི་པིན་རྒྱལ་ཁབ་ཀྱིས་ཕྱི་ལོ་ ༡༩༥༠ ལོ་འགོར་བོད་དོན་ལ་རྒྱབ་སྐྱོར་གནང་བ་དང་། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་གྲགས་ཅན་གྱི་ར་མོན་མག་སེ་སེ་གཟེངས་རྟགས་ཕུལ་བར་ཕི་ལི་པིན་གཞུང་དམངས་གཉིས་ལ་ཐུགས་རྗེ་ཞུས་པ་དང་ཆབས་ཅིག ཕི་ལི་པིན་མི་མང་གི་སྙིང་སྟོབས་ཆེ་ཞིང་རང་དབང་ལ་དགའ་བའི་བསམ་བློར་བསྔགས་བརྗོད་གནང་ཡོད། དེ་བཞིན་ཁོང་གིས་བོད་ནི་གནའ་སྔ་མོ་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་སྐོར་དང་། རྒྱ་ནག་དམར་ཤོག་ཚོགས་པས་བོད་བཙན་བཟུང་བྱས་པར་ཁྲིམས་མཐུན་གྱི་རྣམ་པ་བསྟན་ཆེད་ལོ་རྒྱུས་འཁྱོག་བཤད་བྱེད་བཞིན་པ་གསལ་བཤད་གནང་བའི་ཐོག རྒྱ་ནག་དམར་ཤོག་ཚོགས་པ་ནི་རྒྱ་ནག་དང་། ཨེ་ཤི་ཡ། འཛམ་གླིང་ཉེན་ཁ་ཆེ་བས། འཛམ་གླིང་ཁྱོན་ཡོངས་ཀྱི་རང་དབང་ལ་དགའ་བའི་རྒྱལ་ཁབ་ཁག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་སྒྱུར་འོག་ནས་རྒྱ་ནག་ལ་རང་དབང་འཐོབ་པར་མཉམ་རུབ་ཀྱིས་ལས་འགུལ་སྤེལ་དགོས་སྐོར་གསུངས་རྗེས་ཚོགས་བཅར་བ་དགེ་སློབ་རྣམས་ནས་བོད་ཀྱི་ལོ་རྒྱུས་དང་། རིག་གཞུང། རྒྱ་ནག་གི་དྲག་གནོན། ཡང་སྲིད་སོགས་ཀྱི་སྐོར་དོགས་དྲི་ཕུལ་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།
གསུང་བཤད་གྲུབ་མཚམས་གཙུག་ལག་སློབ་གཉེར་ཁང་གི་རིགས་སྡེ་འགན་འཛིན་དང་། དགེ་ལས་སློབ་གཉེར་བ་རྣམས་ཀྱིས་སྐུ་ཚབ་དོན་གཅོད་ནས་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་གནས་སྟངས་སྐོར་གྱི་གསུང་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། མ་འོངས་པར་ཡང་དེ་ལྟ་བུའི་གསུང་བཤད་གནང་རོགས་ཞེས་རེ་སྐུལ་ཞུས་རྗེས། གཙུག་ལག་སློབ་གཉེར་ཁང་ངོས་ནས་ཁོང་ལ་བསྔགས་བརྗོད་ཀྱི་ཕྱག་ཁྱེར་ཕུལ་ཡོད། གཙུག་ལག་སློབ་དཔོན་མ་རི་སེལ་ཕེར་ནན་ཌེཛ་ཀ་རག་ (Maricel Fernadez-Carag) ལགས་ཀྱིས་མཇུག་བསྡོམས་གསུང་བཤད་ནང་། བོད་དང་ཕི་ལི་པིན་དབར་ས་ཐག་ཀི་ལོ་མི་ཊར་ ༣༦༦༢ གྱི་བར་ཁྱད་ཡོད་ནའང་། ང་ཚོ་ནི་རང་དབང་དང་འཚེ་མེད་ཞི་བའི་རིན་ཐང་གཅིག་མཚུངས་ཀྱིས་མཐུན་སྒྲིལ་བྱུང་ཡོད། ང་ཚོའི་རྒྱལ་ཁབ་གཉིས་བར་ཤེས་ཡོན་གོང་འཕེལ་གཏོང་བར་མཉམ་ལས་འདི་རིགས་ང་ཚོར་དགོས་མཁོ་ཆེ་ཞེས་གསུངས། སྐབས་དེར་ཚོགས་བཅར་བ་འགའ་ཤས་ཀྱིས་གཙུག་ལག་སློབ་གྲྭར་བོད་རིག་པའི་སློབ་ཚན་འགོ་འཛུགས་གནང་རྒྱུ་དང་། བོད་སྐོར་གྱི་ཀློག་དེབ་ངོ་སྤྲོད་གནང་རོགས་ཞེས་རེ་སྐུལ་ཞུས་པར། སྐུ་ཚབ་དོན་གཅོད་ནས་གཙུག་ལག་སློབ་གྲྭར་བོད་རིག་པའི་སློབ་ཚན་འཛུགས་རྒྱུའི་དགོངས་འཆར་ལ་དགའ་བསུ་གནང་བ་དང་། བོད་སྐོར་གྱི་ཀློག་དེབ་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་བཅས།།